སྲིད་སྐྱོང་ཞེས་ཁྲིམས་ཐོག་ནས་བསྐྱར་བཅོས།
2012.09.27
༄༅། །སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་སྒྲིག་གཞི་བསྐྱར་བཅོས་ཀྱི་མཚོན་པའི་གྲོས་ཆོད་མང་དག་ཅིག་གཏན་འབེབས་གནང་བའི་གནང་ནས་གལ་ཆེ་བ་ཞིག་ནི། བཀའ་བློན་ཁྲི་པའི་མཚན་གནས་སྲིད་སྐྱོང་ལ་བསྒྱུར་བ་བཏང་བ་དེ་ཆགས་ཡོད་པ་རེད། གྲོས་ཚོགས་ཀྱི་གྲོས་ཆོད་ཁག་ལ་ཁྲིམས་ཐོག་ནས་ལག་བསྟར་ཡོང་རྒྱུར་སྲོང་སྐྱོང་བས་གྲོས་ཆོད་དེ་དག་གི་ཐོག་ལ་མཚན་རྟགས་བཀོད་དགོས་པ་ལྟར། བཀའ་བློན་ཁྲི་པའི་མཚན་བྱང་དེ་སྲིད་སྐྱོང་བར་བསྒྱུར་རྒྱུའི་ཁྲིམས་གཞི་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་ཕྱི་ཚེས་༢༦ཉིན་མཚན་རྟགས་བཀོད་ཡོད་པ་རེད།
གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་འཆར་དེའི་ཐོག་བགྲོ་གླེང་དང་ཐ་མའི་ཐག་གཅོད་གནང་གྲུབ་རྗེས། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་མཇུག་གི་གསུང་བཤད་གནང་སྐབས། བཀའ་བློན་ཁྲི་པའི་ཐ་སྙད་དེ་སྲིང་སྐྱོང་བར་བསྒྱུར་བ་བཏང་བའི་རྗེས་འབྲེལ་གྱིས་སྲིད་སྐྱོང་གི་འགན་དབང་ལ་འགྱུར་བ་འགྲོ་ཡི་མེད་པ་རེད། ཅེས་དང་། སྲིད་སྐྱོང་གི་འགན་དབང་བཅའ་ཁྲིམས་དོན་ཚན་༡༩་ནང་གསལ་བ་དེ་ཚོར། འགྱུར་བ་གང་འགྲོ་དགོས་ཀྱི་ཡོད་པ་གྲོས་ཚོགས་ནས་གཏན་འབེབས་གནང་དགོས་པ་ཞིག་རེད། ཅེས་དང་། ཡང་སྲིད་སྐྱོང་གི་མཚན་འགྱུར་བ་བཏང་བ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡང་ཆགས་ཀྱི་མེད་སྐོར་གསུངས་ཡོད་པ་རེད།།