དཔལ་འབར་བོད་ནང་འཁྱེར་རྒྱུ་མཚམས་འཇོག་ཆེད་རེ་འབོད།
2008.06.20
༄༅༎སུད་སི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་བསྐོར་བསྐྱོད་དུ་འཁྱེར་རྒྱུ་མཚམས་འཇོག་དགོས་པ་དང་ དེ་བཞིན་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་ནས་ཤེས་རྟོགས་ཐུབ་རྒྱུར་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་གསར་འགྱུར་འགོད་པར་གཏོང་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག
ཚེས་༢༠ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་༢༥༠ལྷག་ཙམ་སུད་སི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་འཛོམས་ནས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སུད་སི་བོད་རིགས་ཚོགས་པ་དང་བེུད་ཚོགས་པ་ སུད་བོད་མཛའ་འབྲེལ་ཚོགས་པ་སོགས་ཚོགས་པ་ཁག་ཐུན་མོང་ཐོག་ནས་སྤེལ་བ་ཞིག་ཡིན་ཞིང་། ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་གསུང་ན། རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྒྱལ་སྤྱིའི་ལུས་རྩལ་རྩེད་འགྲན་དང་དེ་བཞིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་ཡས་ཀྱི་ཐབས་ལམ་བེད་སྤྱོད་བྱས་ནས་བོད་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་གྱི་རྣམ་པ་སྲ་བརྟན་གཏོང་གི་ཡོད་པ་གསུང་བཞག། ངོ་རྒོལ་གནང་མཁན་ཚོས་རྒྱ་ནག་གཞུང་གིས་བོད་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་མཚམས་འཇོག་བྱས་ནས་། བོད་ནང་གི་གནས་ཚུལ་དངོས་ཕྱི་ཕྱོགས་ནས་ཤེས་རྟོགས་ཐུབ་རྒྱུར་ཕྱི་རྒྱལ་གྱི་གསར་འགོད་པ་བོད་ནང་རང་དབང་ཐོག་ནས་གསར་འགྱུར་འགོད་པར་གཏོང་དགོས་པ་སོགས་ཀྱི་དགོས་འདུན་སྐད་འབོད་བྱས་ཡོད་པ་རེད་།