འབར་མའི་སྲིད་དོན་བཙོན་པ་ཡོངས་གློད་འགྲོལ་ཆེད་འབད་བརྩོན།
2011.10.18
༄༅༎རེས་གཟའ་མིག་དམར་ཉིན་མིཡན་མར་རམ་ འབར་མའི་མང་གཙོའི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་མཆོག་གིས་ཉེ་ཆར་མིཡན་མར་གཞུང་གིས་བཙོན་གྲོལ་བཏང་པའི་མི་སྣའི་ཁོངས་སུ་མ་ཚུད་པ་ བཙོན་ཁང་ནང་ལྷག་བསྡད་ཀྱི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་འབྱུང་རྒྱུར་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་འདུག།
འབར་མའི་གཞུང་གསར་པས་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་ གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་བཙོན་བཅུག་བྱས་པའི་བཙོན་པ་མི་གྲངས་ ༢༢༧ ཉེ་ཆར་གློད་གྲོལ་བཏང་ཡོད་ན་ཡང་ ལྕམ་ཨང་སང་སུ་ཅིས་དབུ་འཁྲིད་པའི་སྲིད་དོན་ཚོགས་པས་བརྗོད་པར་ལྟར་ན་ ད་དུང་ཡང་སྲིད་དོན་གྱི་བཙོན་པ་ཉིས་སྟོང་ལྷག་མུ་འཐུད་བཙོན་འཇུག་བྱེད་མུས་ཡིན་པ་བརྗོད་ཡོད་ཅིང་ དེའི་ཁོངས་སུ་ཕྱི་ལོ་ ༡༩༨༨ ལོར་སློབ་ཕྲུག་གིས་འགོ་འཁྲིད་པའི་སྒེར་ལངས་ལས་འགུལ་གྱི་འགོ་འཁྲིད་ཚོ་ཡང་ཡོད་འདུག།
གཟའ་མིག་དམར་ཉིན་ ཡང་གུན་གྲོང་ཁྱེར་གྱི་ནང་ཡོད་པའི་ནང་པའི་དགོན་པ་ཞིག་གི་ནང་ ཕྱི་ལོ་ ༡༩༨༨ ལོའི་སྒེར་ལངས་ལས་འགུལ་གྱི་ལས་འགུལ་གྱི་འགོི་འཁྲིད་ད་ལྟ་འབར་མའི་བཙོན་ཁང་ནང་ལོ་ངོ་དྲུག་བཅུ་རེ་ལྔའི་བཙོན་དུས་ཉེས་ཆད་འགྲུབ་བཞིན་པ་ མིན་ཀོ་ནེང་གི་སྐྱེས་སྐར་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཚུགས་ཡོད་པ་དང་ སྐབས་དེར་ལྕམ་ཨང་སང་སུ་ཅི་མཆོག་གིས་ སློབ་ཕྲུག་མང་པོ་ཞིག་ད་དུང་ཡང་བཙོན་ཁང་ནས་གློད་གྲོལ་ཐོབ་མེད་པ་རེད། ཁོང་ཚོ་གློད་གྲོལ་ཡོང་རྒྱུར་ང་ཚོས་མུ་འཐུད་འཐབ་རྩོད་བྱེད་རྒྱུ་ཡིན་ཞེས་གསུངས་པ་དང་ ངས་སྲིད་དོན་གྱི་བཙོན་པ་ཚོ་གློད་གྲོལ་འབྱུང་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་ ང་ཚོའི་ཡུལ་གྲུ་འདི་དངོས་འབྲེལ་རང་དབང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།
འབར་མའི་གཞུང་གསར་པས་ཉེ་བའི་དུས་ཡུན་ནང་ འབར་མའི་གསར་འགྱུར་བརྒྱུད་ལམ་ཐོག་གི་དམ་བསྒྲཌ་ཕྲན་བུ་ལྷུགས་གཏོང་བྱས་པ་དང་ ཨིན་ཊར་དྲ་རྒྱའི་ཐོག་དམ་བསྒྲཌ་ལྷུགས་གཏོང་བྱས་པ་ བཙོན་པ་གློད་གྲོལ་བཏང་པ་སོགས་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་བཏང་ཡོད་ཀྱང་ སྲིད་དོན་གྱི་བཙོན་པ་ཚོ་གློད་གྲོལ་གཏོང་མིན་གྱི་གནད་དོན་དེ་ནི་ནུབ་ཕྱོགས་ཡུལ་གྲུ་ཚོས་འབར་མའི་ཐོག་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་ཕྱིར་བསྡུ་བྱེད་མིན་གྱི་འགག་རྩའི་གནད་དོན་ཞིག་ཆགས་ཡོད་པ་རེད།
གཟའ་འཁོར་སྔོན་མར་འབར་མའི་གཞུང་གིས་ཁྱོན་བསྡོམས་བཙོན་པ་ ༦༠༠༠ ལྷག་བཙོན་གྲོལ་བཏང་ཡོད་ན་ཡང་ དེའི་ཁོངས་སུ་སྲིད་དོན་བཙོན་པ་ ༢༢༧ ལས་མེད་པ་ལྕམ་ཨང་སང་སུ་ཅིས་དབུ་འཁྲིད་པའི་རྒྱལ་ཡོངས་མང་གཙོ་ཚོགས་པས་བརྗོད་བཞིན་ཡོད་པ་རེད།