ཨ་རྒྱ་གཉིས་ཀྱིས་ཕན་ཚུན་མི་མཐུན་པའི་གནད་དོན་གླེང་འདུག
2015.08.28

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་དང་རྒྱ་ནག་གི་ཕྱི་སྲིད་སློབ་སྟོན་པ་རྣམ་གཉིས་དབར་མཇལ་འཕྲད་ཀྱིས་མི་མཐུན་པའི་གནད་དོན་ཁག་གླེང་འདུག
དེ་ཡང་ཚེས་༢༨རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཨ་རིར་རྒྱལ་དོན་འཚམས་གཟིགས་ཕེབས་རྒྱུའི་སྔ་ནུབ་ཏུ། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་Susan Riceདང་། རྒྱ་ནག་གི་ཕྱི་སྲིད་སློབ་སྟོན་པ་Yang Jeichiརྣམ་གཉིས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཇལ་འཛོམས་གནང་སྟེ་གོ་ལ་ཚ་དྲོད་རྒྱས་པའི་གནད་དོན་དང་། དམག་དོན་གྱི་ལས་གྲ་སོགས་ཀྱི་ཐད་ཡུལ་གྲུ་གཉིས་ལས་དོན་མཉམ་ལས་བྱ་ཕྱོགས་སྐོར་བཀའ་བསྡུར་གནང་འདུག་པ་དང་། ཆབས་ཅིག་ཕྱོགས་གཉིས་དབར་གནད་དོན་ཁག་ཅིག་ཐོག་འཁོན་འཛིན་ཡོད་པ་དེ་ལྟར་ཡང་ངོས་འཛིན་གྱི་བཀའ་མོལ་ཞལ་སང་གནང་སྟེ། དེ་དག་སེལ་ཐབས་བྱ་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་ལུགས་ལྕམ་Susan Riceགིས་གསུངས་གནང་འདུག
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་Susan Riceམཆོག་གིས། ཟླ་བ་རྗེས་མ་རྒྱ་ནག་གི་སྲིད་འཛིན་Xi Jinpingཨ་རིར་གཞུང་དོན་ཕྱོགས་ཕེབས་ཀྱི་མཛད་འཆར་དེ་བཞིན་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་དམ་ཟབ་དུ་གཏོང་རྒྱུའི་གོ་སྐབས་གལ་ཆེ་ཞིག་ཡིན་པ་གསུངས་གནང་འདུག རྒྱ་ནག་གི་ཕྱི་སྲིད་སློབ་སྟོན་པ་Yang Jeichiགིས། Iranདང་བྱང་ཀོ་རི་ཡའི་རྡུལ་ཕྲན་གྱི་གནད་དོན་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན། དེ་བཞིན་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཚོ་གླིང་གི་བདག་དབང་འབྲེལ་བའི་གནད་དོན་ལ་གོ་བརྡ་སྤྲད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་། ས་ཁུལ་གྱི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཁག་གི་ཐད་ཕྱོགས་གཉིས་དབར་འབྲེལ་ཐག་ཉེ་པོའི་ཐོག་ནས་གྲོས་བསྡུར་བྱ་རྒྱུ་ཡིན་ལུགས་བརྗོད་འདུག
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་སྐུ་Susan Riceམཆོག་ནས་ད་རེས་རྒྱ་ནག་ཏུ་ཕེབས་རིང་ད་དུང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམག་དོན་ལྷན་ཁང་གི་ཚོགས་གཞོན་Fan Changlong་སོགས་དང་ལྷན་ཡང་མཇལ་འཕྲད་གནང་པའི་ཐོག་ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཉིས་དབར་ཕན་ཚུན་ཡིད་ཆེས་ལྡན་པའི་དམག་དོན་གྱི་འབྲེལ་བ་གོང་མཐོར་གཏོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་ནན་བརྗོད་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།