རྒྱ་གར་དུ་བོད་ཕྲུག་སློབ་གྲའི་ཟབ་སྦྱོང་ཐེངས་དགུ་པ།
2009.07.22
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་༸གོང་ས་མཆོག་གི་ཀུན་ཕན་ཐེབས་རྩ་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་ཉིས་སྟོང་དགུ་ལོའི་སློབ་གྲ་ཕན་ཚུན་ཁག་གི་ཟབ་སྦྱོང་ཐེངས་དགུ་པ་དབུ་ཚུགས་གནང་རྒྱུ་ཡིན་པ་རེད།
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་གར་ནང་དུ་ཡོད་པའི་བོད་པའི་སློབ་གྲ་ཁག་ཅིག་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཧི་མ་ཅལ་མངའ་ཁུལ་དུ་ཡོད་པའི་རྒྱ་གར་གྱི་སློབ་གྲ་ཁག་བཅུ་དྲུག་ནས་འདེམས་སྒྲུག་བྱས་པའི་ཁྱོན་སློབ་མ་བཞི་ཅུ་ཞེ་དྲུག་དང་དགེ་རྒན་བཅུ་དྲུག་བཅས་བཞུགས་སྒར་རྡ་རམ་ས་ལའི་ནེ་འགྲམ་དུ་ཆགས་པའི་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་སློབ་གྲའི་ནང་འདི་ཟླའི་ཚེས་ཉི་ཤུ་དྲུག་ནས་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་བར་ཟབ་སྦྱོང་གི་ལས་འཆར་སྤེལ་གནང་རྒྱུ་ཡིན་སྐོར་ཀུན་ཕན་ཐེབས་རྩའི་ལས་འཆར་གོ་སྒྲིག་གནང་མཁན་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ད་རེས་བདུན་ཕྲག་གཅིག་རིང་གི་ལས་འཆར་དེའི་ནང་བགྲོ་གླེང་དང་བཀའ་བསྡུར།གཏམ་བརྗོད།སྒོམ་རྒྱབ་སྟངས་སོགས་པའི་ལས་རིམ་འདྲ་མིན་མང་པོ་ཞིག་ཡོད་པ་དང་ལས་རིམ་དེའི་ནང་མཉམ་ཞུགས་གནང་མཁན་དགེ་སློབ་ཚོ་དགོན་སྡེ་ཁག་ཏུ་གནས་མཇལ་གནང་རྒྱུའི་ཐོག་རིག་གཞུང་འཁྲབ་སྟོན་དང་གློག་བརྙན་སོགས་ལས་རིམ་འདྲ་མིན་ཞིག་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།
གོང་ཞུས་ཐེབས་རྩ་ཁང་གི་ཟབ་སྦྱོང་ལས་འཆར་དེའི་དམིགས་ཡུལ་ནི་ཆོས་ལུགས་འདྲ་མིན་དང་ལས་རིགས་འདྲ་མིན་ཁག་མི་རིགས་འདྲ་མིན་ལྷན་འཛོམས་ཀྱི་ཐོག་ནས་ཕན་ཚུན་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་ཐེངས་འདིའི་ཟབ་སྦྱོང་དེ་བརྒྱུད་ནས་གཞོན་སྐྱེས་ཚོས་ཆོས་ལུགས་དང་རིག་གཞུང་ཕན་ཚུན་དབར་ཤེས་རྟོགས་དང་གུས་བཀུར་ཐོབ་རྒྱུར་དམིགས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་འདུག
དེ་བཞིན་ཡང་གོང་ཞུས་ཐེབས་རྩ་ཁང་ནས་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ནས་ཉི་ཤུ་བརྒྱད་བར་མཱ་སུ་རི་བོད་ཁྱིམ་ཁང་དུ་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ་ཡིན་པ་དང་ཕྱི་ཟླ་བཅུ་པའི་ཚེས་བཅུ་གཅིག་ནས་བཅུ་བདུན་བར་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་ནང་དུའང་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ་ཡིན་པ་རེད།