ལྡི་ལིར་བོད་མི་སློབ་ཕྲུག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ།
2012.01.31
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་མཐོ་རིམ་སློབ་གྲར་བསྐྱོད་བཞིན་པའི་བོད་པའི་སློབ་ཕྲུག་ཚོས་གཟའ་འཁོར་སྔོན་དེར་བོད་ཀྱི་མདོ་སྟོད་སྨད་ནང་བོད་མིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་རྒྱ་མིའི་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་བོད་མི་རྐྱེན་ལམ་དུ་བཏང་བའི་མཚོན་དོན་པུར་སྒམ་འཁྱེར་ཏེ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་པ་རེད།
དེ་ཡང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བོད་རིགས་སློབ་ཕྲུག་དེ་རྣམས་བོད་རང་བཙན་ལྟ་གྲུབ་འཛིན་མཁན་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཡིན་པ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་ཡིན་པ་དང༌། ཁོང་རྣམས་ཀྱིས་ཉེ་ཆར་བོད་མདོ་སྨད་གཉིས་ནང་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མིའི་ཐོག་རྒྱ་མིའི་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་རྐྱེན་ལམ་དུ་ཕྱིན་པའི་བོད་མི་ཚོའི་འདྲ་པར་ཆེན་པོ་རེར་འཁྱེར་ཞིང་ཁོང་ཚོས་པུར་སྒམ་རེ་རེ་བཟོས་པའི་ཐོག་བོད་ཀྱི་རྒྱལ་དར་གཡོག་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་རིམ་སློབ་གྲ་ནས་དེ་སྔ་༡༩༩༨ ལོར་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེ་བསྲེག་གཏོང་ཡུལ་ཇན་ཏར་མན་ཏར་ཞེས་པའི་ས་གནས་བར་གོམ་བགྲོས་གནང་ཡོད་པ་རེད། ལས་འགུལ་དེའི་ནང་བཞུགས་སྒར་བོད་རིགས་སློབ་མ་ཞིག་གིས། ང་ཚོས་རྒྱ་མིའི་ཉེན་རྟོག་པས་བོད་མི་དམར་བསད་བཏང་བའི་མཚོན་དོན་པུར་སྒམ་འཁྱེར་ཏེ་གོམ་བགྲོས་ཀྱི་ལས་འགུལ་སྤེལ་བ་དེ་ནི། བོད་ནང་དུ་བོད་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་མཁན་བོད་མི་དང༌། ཉེ་ཆར་རྒྱ་མིའི་ཉེན་རྟོག་པས་བོད་མིའི་ཐོག་མེ་མདའ་རྒྱབ་ཏེ་རྐྱེན་ལམ་དུ་བཏང་བ་ཚོར་གདུང་སེམས་ཉམས་བསྐྱེད་ཞུ་བའི་ཆེད་དུ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།