རང་བཙན་རྒྱལ་ཁབ་འདོད་མཁན་གྱི་སློབ་ཕྲུག་ཇེ་མང་ལ་སོང་འདུག
2015.02.27
ཧོང་ཀོང་སློབ་གྲ་ཆེན་མོའི་སློབ་ཕྲུག་ནང་ཧོང་ཀོང་དེ་བཞིན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སྔོན་ལས་ལྡབ་གཅིག་གི་མང་དུ་ཕྱིན་ཡོད་འདུག
དེ་ཡང་ཧོང་ཀོང་སློབ་གྲ་ཆེན་མོའི་སློབ་ཕྲུག་ཚོགས་པའི་དུས་དེབ་ཚན་པས་ཕྱི་ཟླ་དང་པོའི་ཚེས་༢༤ནས་ཕྱི་ཟླ་གཉིས་པའི་ཚེས་༥བར་སློབ་གྲ་ཆེན་མོའི་སློབ་ཕྲུག་༥༦༩ཙམ་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་སྐོར་གཙོ་བོ་བྱས་ནས་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་། ཧོང་ཀོང་དེ་བཞིན་རང་བཙན་རྒྱལ་ཁབ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་མཁན་དེའི་སྔོན་གྱི་བསམ་ཚུལ་བསྡུ་ལེན་བྱས་པའི་སྐབས་ལས་བརྒྱ་ཆ་བཅོ་ལྔ་ལྷག་མང་དུ་ཕྱིན་ཡོད་པ་དང་། ཡིན་ནའི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་མིའི་གྲངས་འབོར་གྱི་བརྒྱ་ཆ་༥༣ཙམ་གྱིས་ད་ཡོད་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད་འདུག དེའི་གོང་གི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ད་ཡོད་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མིའི་གྲངས་འབོར་བརྒྱ་ཆ་༦༨ཙམ་ཟིན་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བསམ་ཚུལ་བསྡུ་ལེན་བྱེད་སའི་མི་གྲངས་ཀྱི་བརྒྱ་ཆ་ཕྱེད་ཀ་ཡན་གྱིས་རྒྱ་ནག་དབུས་གཞུང་གིས་འདོད་མོས་ཡོད་མིན་ལ་མ་བལྟོས་པར་ཧོང་ཀོང་རང་བཙན་བྱེད་མིན་ཐད་ཧོང་ཀོང་མི་མང་གིས་ཐད་ཀར་འོས་ཤོག་བླུགས་ནས་ཐག་གཅོད་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་འགན་འཛིན་ལེང་ཀྲན་དབྱིང་གིས། ད་ལོ་ཕྱི་ཟླ་དང་པོའི་ཚེས་༡༤ཉིན་ཧོང་ཀོང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བའི་སྐབས། ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱིས་གཉེར་བཞིན་པའི་དུས་དེབ་ཐོག་ན་ནིང་སྤེལ་བའི་རྩོམ་ཡིག་གཉིས་ཀྱི་ཐོག་སྐྱོན་བརྗོད་བྱས་ཡོད་པ་དང་། རྩོམ་ཡིག་དེ་གཉིས་ཐོག་ཧོང་ཀོང་གི་མདུན་ལམ་ཧོང་ཀོང་མི་མང་གིས་འོས་ཤོག་བླུགས་ནས་ཐག་གཅོད་བྱ་དགོས་ལུགས་ནོར་འཁྲུལ་གྱི་སྐུལ་མ་གཏོང་གི་ཡོད་ལུགས་བརྗོད་ཡོད་འདུག ཡིན་ནའི་ཧོང་ཀོང་སློབ་གྲ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱིས་ལེང་ཀྲན་དབྱིང་གིས་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་། རིག་གཞུང་རང་དབང་ཐོག་རྡུང་རྡེག་གཏོང་མཁན་གྱི་དཀར་པོའི་འཇིགས་སྐུལ་བ་ཞིག་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད།
གསར་འགོད་པ་འཆི་མེད།