བོད་རིགས་སློབ་མའི་སྒེར་ལངས་ལས་འགུལ་མཇུག་བསྒྲིལ་བ།
2008.06.03
༄༅༎རྒྱ་གར་གྱི་སློབ་གྲ་ཆེན་མོ་ཁག་ནང་ཡོད་པའི་བོད་རིགས་སློབ་ཕྲུག་ཚོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་སློབ་གྲ་ཆེན་མོའི་བོད་རིགས་སློབ་ཕྲུག་གི་སྒེར་ལངས་ལས་འགུལ་ཆེན་མོ་ཞེས་པའི་ལས་འགུལ་དུས་ཡུན་ཉིན་གྲངས་བཅུ་གསུམ་རིང་སྤེལ་ནས་ ཕྱི་ཟླ་དྲུག་པའི་ཚེས་༢ཉིན་མཇུག་སྒྲིལ་མཛད་སྒོ་ཚུགས་ཡོད་པ་དང་། དེའི་ཉིན་རྒྱ་གར་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་སུམ་ཅུ་ཙམ་དང་དེ་བཞིན་རྒྱ་གར་སྲིད་བློན་དང་ནང་སྲིད་ལས་ཁུངས་སོགས་ལ་མཛའ་རྩེའི་འཚམས་འདྲིའི་མེ་ཏོག་ཕུལ་བ་དང་ཆབས་ཅིག་རྒྱ་གར་མཐོ་སློབ་ཁག་ནང་ཡོད་པའི་བོད་རིགས་སློབ་ཕྲུག་གི་སྒེར་ལངས་ལས་འགུལ་ངོ་རྒོལ་ཡིག་ཆ་ཁག་འགྲེམས་སྤེལ་གནང་ཡོད་པ་རེད། ཉིན་རྒྱབ་དུ་རྒྱ་གར་རྒྱལ་ས་ལྡི་ལིའི་ས་གནས་ཇན་ཏར་མཱན་ཏར་དུ་ལས་འགུལ་མཇུག་སྒྲིལ་མཛད་སྒོ་ཚུགས་ཡོད་པ་དང་། དེའི་ཐོག་བོད་མི་མང་སྤྱི་འཐུས་ཨ་ཅར་ཡེ་ཤེས་ཕུན་ཚོགས་ལགས་དང་ ལྡི་ལི་ས་གནས་བོད་མི་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་སྣེ་ཁྲིད་འགན་འཛིན་སྤྱི་འཐུས་ཆོས་སྐྱོངས་དབང་ཕྱུག་ལགས་ ས་གནས་བེུད་དང་གཞོན་ནུའི་ཚོགས་གཙོ་སྐུ་མགྲོན་དུ་གདན་ཞུ་བཞིན་ཆེད་ཕེབས་གནང་ཡོད་པ་དང་། མཇུག་སྒྲིལ་མཛད་སྒོའི་ཐོག་སློབ་ཕྲུག་གི་སྒེར་ལངས་ཆེན་པོའི་ལས་འགུལ་གྱི་ལས་བསྡོམས་སྙན་སྒྲོན་ཞུས་པའི་རྗེས་ སྤྱི་འཐུས་ཨ་ཅར་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་ཡོད་ཅིང་། ཁོང་གིས་འཛམ་གླིང་ནང་སློབ་ཕྲུག་གི་ལས་འགུལ་སྤེལ་ཡས་དེ་སྲོལ་རྒྱུན་ཞིག་ཡིན་པ་དང་། རྒྱ་གར་ནང་ཆ་བཞག་ན་སྲིད་དོན་ཚོགས་པ་ཚང་མས་རང་སོ་སོའི་སྣེ་ཁྲིད་པའི་སློབ་ཕྲུག་གི་ཡན་ལག་ཚོགས་པ་ཡོད་ཅིང་། ཡིན་ནའི་ང་ཚོར་སྲིད་དོན་ཚོགས་པ་གཅིག་ཀྱིས་ཀྱང་སྣེ་ཁྲིད་བྱེད་མཁན་མེད་པར་རང་འགུལ་གྱི་ལས་འགུལ་སྤེལ་ཡས་དེ་ནི་ཧ་ཅང་བསྔགས་བརྗོད་བྱེད་དགོས་ཤིག་ཡིན་པ་གསུང་ཡོད་པ་དང་། ཁོང་གིས་སློབ་ཕྲུག་གི་ནུས་པ་དེ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ནུས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག