རྒྱ་ནག་ནང་ས་གཡོམ་ཤུཊ་ཆེན་པོ་ཞིག་རྒྱབ་ཡོད་པ།
2008.05.12
༄༅༎ད་རིང་ཉིན་རྒྱབ་རྒྱ་ནག་ནང་འགུལ་ཚད་ ༧.༨ བྱས་པའི་ས་གཡོམ་ཞིག་རྒྱབ་ཡོད་པ་དང༌། ད་ལྟ་གསར་དུ་ཐོན་པའི་གནས་ཚུལ་ལྟར་ན། ཉུང་མཐར་ལ་མི་གྲངས་ ༡༠༠ ལྷག་འདས་གྲོངས་སོང་བ་དང༌། མི་མང་ ༩༠༠ ཉེ་བ་ཁང་ལྷུགས་པའི་འོག་ཚུད་ཡོད་པའི་གནས་ཚུལ་ཐོན་བཞིན་པ་དང་། ས་གཡོམ་གྱི་གཡོ་འགུལ་དེ་ཐག་རིང་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ ཐའི་ལན་ཌ་དང་བྷེཏ་ནམ་བཅས་ནང་བྱུང་ཡོད་པ་རེད།
རྒྱ་ནག་གི་ ཝུ་ཧན་ གྲོང་ཁྱེར་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་ཅིག་གིས་ཁང་པ་ཚང་མ་གཡོ་འགུལ་བྱེད་བཞིན་པ་དང༌། མི་ཚང་མ་ཕྱིར་ཐོན་ཏེ་བྲོས་འགྲོ་བ་དང། ཐོག་རྩེག་གཅིག་བྱས་པའི་ཁང་པ་ཞིག་སྒྱེལ་་ཡོད་སྐོར་ཁོང་གིས་ རའུ་ཊར་ གསར་འགྱུར་ལས་ཁང་ལ་ངོ་སྤྲོད་བྱས་ཡོད་པ་རེད།་ སི་ཁྲོན་ཞིང་ཆེན་ས་གཡོམ་རྟོག་ཞིབ་ཚན་པས་ས་གཡོམ་བྱུང་ཁུངས་ཀྱི་ཨ་མ་དེ། བོད་ཀྱི་རྔ་བ་ས་ཁུལ་གྱི་ལུང་གུ་རྫོང་གི་ནང་བྱུང་ཡོད་པ་ཤེས་ཚོར་ཡོང་གི་ཡོད་པའི་སྐོར་གསུངས་ཡོད་པ་དང༌། རའུ་ཊར་ གསར་འགྱུར་ལས་ཁང་གིས་ རྔ་བ་ས་ཁུལ་ནང་བོད་རིགས་ཀྱི་མགྲོན་ཁང་ཞིག་ལ་ཁ་དཔར་རྒྱུད་གནས་ཚུལ་འདྲི་རྩད་སྐབས། མགྲོན་ཁང་གི་བདག་པོ་དེས་ས་ཁུལ་བློ་བུར་དུ་གཡོ་འགུལ་ཤུགས་ཆེ་བྱུང་ཡང་། གནོད་ཚེ་གང་ཡང་བྱུང་མེད་སྐོར་ངོ་སྤྲོད་གནང་ཡོད་འདུག དེ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གཡོམ་བྱུང་སའི་བོད་རིགས་ཀྱི་ས་ཁུལ་དེའི་ཁུལ་བཙོན་ཁང་མང་པོ་ཡོད་པ་དང༌། བཙོན་ཁང་ཁག་ནང་ཉེ་ལམ་བོད་ནང་བོད་མིའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་དང་འབྲེལ། བོད་མི་མི་ཉུང་བ་ཞིག་ཡོད་པར་ཚོད་དཔག་གནང་གི་ཡོད་པ་དང་ད་ལྟ་བཙོན་ཁང་དང་བཙོན་པའི་གནས་སྟངས་ཇི་ཆགས་བཅས་ཀྱི་སྐོར་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད༎