རྒྱ་གར་གྱི་མངའ་སྡེ་གཅིག་གཉིས་སུ་དབྱེ་མིན་རྙོག་གླེང།
2011.07.05
༄༅༎རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཨན་རྡར་པར་རྡེ་ཤའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་རྒྱ་གར་གྱི་གྲོས་ཚོགས་ཁོངས་ཀྱི་འཐུས་མི་ཁག་གཅིག་གིས་ མངའ་སྡེ་དེ་བཞིན་ཁག་གཉིས་སུ་དབྱེ་སྟེ་རྟེ་ལན་ག་ན་ཞེས་མིང་བཏགས་པའི་མངའ་སྡེ་གསར་པ་ཞིག་འཛུགས་རྒྱུར་སྔོན་ཆད་ཁས་ལེན་གནང་བ་དེར་ ད་ཆ་དངོས་སུ་ལག་ལེན་བསྟར་དགོས་ཞེས་དགོས་འདུན་བཏོན་བཞིན་དུ་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་ལ་གནོན་ཤུགས་སྤྲོད་ཕྱིར་གྲོས་ཚོགས་ཀྱི་ལས་འགན་ནས་དགོངས་པ་ཞུས་ཡོད་པ་རེད་ དགོས་འདུན་དེར་རྒྱབ་སྐྱོར་བྱེད་མཁན་དང་ ངོ་རྒོལ་བྱེད་མཁན་ དེ་བཞིན་གཞུང་གི་ཉེན་རྟོག་མི་སྣ་དང་ངོ་རྒོལ་བའི་དབར་ཟིང་ཆ་ལངས་ཏེ་མངའ་སྡེའི་ནང་གི་ཚོང་ལས་ཁག་དང་ འགྲིམ་འགྲུལ་གྱི་ལས་རིགས་ཁག་སྒོ་རྒྱབ་དགོས་པའི་གནས་ཚུལ་ཆགས་ཡོད་པ་རེད་ གནས་ཚུལ་དེ་ཡིས་རྐྱེན་པས་སྲིད་བློན་མན་མོ་ཧན་སིང་མཆོག་གིས་དབུ་ཁྲིད་གནང་བའི་རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་མནའ་སྦྲེལ་གཞུང་གི་ཐོག་ཆབ་སྲིད་ཀྱི་དཀའ་རྙོག་འཕར་མ་ཞིག་སླེབས་ཏེ་ རྙོག་གླེང་དེ་ཚོར་ ཁ་གཏད་དང་ གདོང་ལེན་གནང་དགོས་ཆགས་ཡོད་པ་རེད་