བོད་མི་དམངས་སྤྱི་འཐུས་ལྷན་ཚོཌ་ཀྱི་གསུང་བཤད།
2011.09.02
༄༅༎དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་༥༡འཁོར་བའི་དམངས་གཙོའི་དུས་དྲན་གྱི་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང༌། ད་རེས་ཀྱི་མང་གཙོའི་དུས་དྲན་དེ་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་མཛད་རྗེས་ཀྱི་མང་གཙོའི་དུས་དྲན་ཐེངས་དང་པོར་ངོས་འཛིན་གནང་སྟེ། ཐེངས་འདིའི་དུས་དྲན་གྱི་མཛད་སྒོ་དེ་དག་ལོ་རྒྱུས་ཀྱི་དོན་སྙིང་དམིགས་བསལ་ལྡན་པའི་མཛད་སྒོ་ཞིག་ཆགས་ཡོད་སྐོར་སྤྱི་འཐུས་ཀྱི་གསུང་བཤད་ནང་འགྲེལ་བརྗོད་གནང་བཞག།
འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ལྔ་ལྷག་ལ་ཕྱིར་བལྟས་གནང་སྐབས། བཙན་བྱོལ་གྱི་གནས་སྟངས་འོག་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་དང༌། ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། མང་ཚོགས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་བཅས་གང་ས་ཅི་ཐད་ནས་བོད་མི་ཚོར་གཡུར་དུ་གཟར་བའི་གྲུབ་འབྲས་ཐོབ་ཡོད་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་དགའ་སྒོམ་ཞུས་གནང་བ་དང༌། ༧གོང་ས་མཆོག་གིས་༢༠༠༡ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཀྱི་ལམ་སྲོལ་བཟོ་ག ༢༠༡༡ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་བསྩལ་རྩིས་སྤྲོད་མཛད་པ་བཅས་ནི། ༧གོང་ས་མཆོག་གིས་བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གྱི་བསྟན་སྲིད་བདེ་ཐབས་སླད་གཟིགས་སྐྱོང་མཛད་པའི་བཀའ་དྲིན་རྗེས་དྲན་ཞུས་གནང་བ་དང༌། འདས་པའི་དུས་ཡུན་རིང་སྤྱི་སྒེར་གྱི་ལས་གནས་ཅི་རིགས་སུ་བསྟན་སྲིད་མི་རིགས་ལ་སྲི་ཞུ་སྒྲུབ་མཁན་རྒན་རབས་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཞུས་གནང་འདུག། ལྷག་པར་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལོ་༡༠རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་། དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཆབ་སྲིད་དང་འཛིན་སྐྱོང་གི་གནང་སྒོ་མཐའ་དག་ཚགས་ཚུད་འཐུས་ཚང་ལྡན་པ་སྣེ་ཁྲིད་གནང་ཡོད་པར་། སྤྱི་འཐུས་ལྷན་ཚོགས་ཀྱིས་ད་རེས་མང་གཙོ་དུས་དྲན་གྱི་གོ་སྐབས་འདི་བརྒྱུད་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་འདུག།
ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང༌། རྒྱ་གཞུང་གིས་བོད་ནང་དུས་ལས་ཡོལ་བའི་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ད་དུང་རྒྱུན་མཐུད་སྤེལ་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པར་ཐུགས་ཚབས་གསལ་བཏོན་དང་འབྲེལ། འདི་ལོ་ཨ་མདོ་རྔ་བ་དང༌། ཁམས་དཀར་མཛེས། རྟའུ་སོགས་སུ་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་མཐུད་ངོ་རྒོལ་སྐད་འབོད་གནང་བ་དང༌། ཕྱི་ཟླ་༣ཚེས་༡༦ཉིན་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་དང༌། ༨པའི་ཚེས་༡༥ཉིན་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་གཉིས་ནས་སྔ་རྗེས་སུ་རང་ལུས་མེར་བསྲེགས་ཀྱིས་གཅེས་པའི་ལུས་སྲོག་བློས་བཏང་བ་སོགས་ཞི་བའི་རེ་འདུན་ལ་རྒྱ་གཞུང་ནས་ཉན་འཇོག་བདག་སྤྲོད་མ་བྱས་པར་དེ་ལས་ལྡོག་སྟེ་བོད་མིའི་ཐོག་དྲག་གནོན་བརྙས་བཙིར་གྱི་བྱ་ཐབས་འཛིན་སྟངས་དེས་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་གསལ་སྟོན་བྱས་ཡོད་པ་ལྟར། གཞིས་བཞུགས་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང། དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་གཙོའི་དུས་དྲན་ཐེངས་༥༡པའི་ཐོག་གནང་བའི་གསུང་བཤད་ནང་བཀོད་གནང་འདུག།