དམིགས་བསལ་སྐུ་ཚབ་མཆོག་ནས་གྲོས་མོལ་སྐོར་སྙན་སེང་ཞུས་པ།

དམིགས་བསལ་སྐུ་ཚབ་མཆོག་ནས་རྒྱ་ནག་གཞུང་དང་ལྷན་དུ་ནང་ལུགས་ཀྱི་གྲོས་མོལ་ཇི་བྱུང་སྐོར་གསར་འགོད་ལྷན་ཚོགས་ཤིག་གནང་འདུག

2008.05.08

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་རྒྱ་ནག་ཚུར་ཕེབས་གནང་སྟེ་ ཁ་ས་ཚེས་༧ཉིན་ཐོག་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འཛིན་སྐྱོང་བཀའ་ཤག་ལ་རྒྱ་ནག་གཞུང་དང་ལྷན་དུ་ནང་ལུགས་ཀྱི་གྲོས་མོལ་ཇི་བྱུང་སྐོར་སྙན་སེང་ཞུས་གནང་ཡོད་པ་དང་། དེ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ནང་ལུགས་ཀྱི་གྲོས་མོལ་དེའི་སྐོར་འགྲེལ་བརྗོད་གནང་ཕྱིར་གསར་འགོད་ལྷན་ཚོགས་ཤིག་གནང་འདུག

ཚེས་༨འཁོད་པའི་གསལ་བསྒྲགས་དེའི་ནང་། ཉེ་ལམ་ཕྱི་ཟླ་༥པའི་ཚེས་༤ཉིན་སྐུ་ཚབ་རྣམ་གཉིས་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཞོན་པ་ ཀྲུ་ཝེ་ཆུན་ དང་སྲིད་ཐར་རྣམ་གཉིས་མཇལ་འཕྲད་གནང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་དེ་ཙམ་ཡོད་བཞིན་དུ་ཕྱོགས་གཉིས་དབར་ཕན་ཚུན་གུས་ཞབས་དང་མཛའ་བརྩེ་ལྡན་པའི་སྒོ་ནས་གྲོས་མོལ་ལྷུག་པོ་བྱུང་གནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག

ད་རེས་རྒྱ་ནག་གི་དཔོན་རིགས་ལྷན་བོད་ནང་གི་དཀའ་ངལ་ཆེ་བའི་གནས་སྟངས་སྐོར་གྲོས་མོལ་གཙོ་བོ་ཞུ་ཕྱིར་ཛ་དྲག་གི་ནང་ལུགས་གྲོས་མོལ་ཞིག་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་དང་། བོད་ནང་གི་ཡིད་སྐྱོའི་གནས་ཚུལ་དེའི་འབྱུང་རྐྱེན་དང་ངོ་བོའི་ཐད་ཕྱོགས་གཉིས་དབར་དགོངས་ཚུལ་མ་མཐུན་པ་བྱུང་ཡོད་ནའང་། དགོངས་ཚུལ་དེ་ཚོ་སྦས་གསང་མེད་པར་ཞལ་སངས་པོའི་ཐོག་ནས་ཕན་ཚུན་གསུངས་རེས་གནང་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱི་ངོས་ནས་རྒྱ་ནག་གིས་༧གོང་ས་མཆོག་ལ་བོད་ནང་གི་ཞི་བའི་གྱེན་ལངས་དང་དུས་ཟིང་སློང་མཁན་ཡིན་ལུགས་ཀྱི་སྐྱོན་འཛུགས་ཞུ་བཞིན་ཡོད་པར་དེར་མཐའ་ཅིག་ཏུ་ཁས་ལེན་མ་གནང་བར་། བོད་ནང་གི་འབྱུང་རྐྱེན་དེ་ནི་རྒྱ་ནག་གི་འཛིན་སྐྱོང་བ་ཚོས་བོད་མི་ཚོའི་ཐོག་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནོར་འཁྲུལ་གྱི་སྲིད་བྱུས་ལག་བསྟར་བྱས་པའི་རྗེས་འབྲས་ཞིག་ཡིན་པ་ངོ་སྤྲོད་གསལ་བཤད་གནང་ཡོད་པ་དང་། གཞིས་ལུས་བོད་མི་ཚོའི་གཞི་རྩའི་སྡུག་བསྔལ་དེ་ཚོ་དོན་དམ་དང་དོན་ཕན་ལྡན་པའི་ལམ་ནས་སེལ་ཐབས་གནང་དགོས་པའི་སྐོར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ལ་ཞུས་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག དེ་བཞིན་གསལ་བསྒྲགས་དེའི་ནང་ སྐུ་ཚབ་རྣམ་གཉིས་ནས་བོད་ས་ཡོངས་རྫོགས་ནང་རྒྱ་ནག་གིས་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་དེ་འཕྲལ་དུ་མཚམས་འཇོག་དང་བཙོན་པ་རྣམ་གློད་འགྲོལ་གཏོང་རྒྱུ། རྨས་མ་རྣམས་ལ་སྨན་བཅོས་ཀྱི་ཆ་རྐྱེན་མཁོ་སྤྲོད་གནང་རྒྱུ་། དེ་བཞིན་གསར་འགོད་པ་ཚོར་བོད་ནང་གི་གནས་སྟངས་ལ་ལྟ་ཞིབ་ཆེད་ཡོང་འཐུས་ཆོག་པའི་ཆོག་མཆན་སྤྲོད་དགོས་རྒྱུ། བོད་མི་ཚོས་འདོད་པ་རྩ་བ་ནས་མེད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས་པ་དེ་མཚམས་འཇོག་དགོས་རྒྱུ་བཅས་ཀྱི་སྐོར་འབོད་སྐུལ་ཞུས་གནང་ཡོད་ཅིང་། ༧གོང་ས་མཆོག་གིས་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་ལ་འགོག་རྐྱེན་བཟོས་གནང་གི་ཡོད་པའི་སྐྱོན་བརྗོད་རྒྱ་ནག་གི་ཞུ་བཞིན་པ་དེ་ཚོ་དངོས་ཡོད་གནས་ཚུལ་མིན་པ་གསལ་བཤད་དང་འབྲེལ་༧གོང་ས་མཆོག་གིས་ཨོ་ལིམ་པིཀསི་རྩེད་འགྲན་ལ་ཐོག་མ་རང་ནས་རྒྱབ་སྐྱོར་གནང་གི་ཡོད་པའི་ཞེངས་ཕྱོགས་གསལ་བཤད་གནང་ཡོད་སྐོར་འགྲེལ་བརྗོད་གནང་འཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎