བོད་ནང་ཤེས་ཡོན་སྤུས་ཚད་ལྡན་པ་བསྐྲུན་དགོས་བཤད་སྐོར།
2009.08.25
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཤིང་ཧཱ་གསར་ཤོག་ཐོག་ལ་རྒྱ་ནག་ཆབ་སྲིད་ཇུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་ལིའུ་དབྱང་ཏུང་གིས་བོད་ནང་དུ་ཤེས་ཡོན་སྤུས་ཚད་ལྡན་པ་སྐྲུན་རྒྱུ་དེ་ཡིས་བོད་ནང་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལ་རྒྱབ་སྐྱོར་གྱི་འགན་ལེན་སྐྲུན་ཐུབ་རྒྱུ་རེད་ཅེས་བཤད་ཡོད་པའི་གནས་ཚུལ་སྤེལ་བཞག
ཤིང་ཧཱ་གསར་ཤོག་དེའི་ཐོག་ལ་གནས་ཚུལ་བཀོད་པར་གཞིགས་ན་ལིའུ་དབྱང་ཏུང་ནི་ཕྱི་ཚེས་ཉི་ཤུ་གསུམ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་གནའ་བོའི་རིག་དངོས་རྙིང་པ་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ཁ།ས་སྐྱ་དགོན་བཅས་སྲུང་སྐྱོབ་དང་ཞིག་གསོའི་ལས་གཞི་དངོས་སུ་འགོ་བཙུགས་པའི་མཛད་སྒོའི་ཐོག་ཞུགས་པ་སོགས་དེང་སྐབས་བོད་དུ་འཚམས་འདྲི་བྱེད་པ་ལྟར་ཁོང་གིས་བོད་ནང་གི་ས་གནས་སྲིད་གཞུང་ནས་ངེས་པར་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་ལ་ཤུགས་སྣོན་རྒྱག་དགོས་པ་དང་ལྷག་པར་དུ་ད་ཡོད་ཀྱི་གཞི་རིམ་འཛིན་གྲྭ་དགུ་པ་བར་གྱི་ཤེས་ཡོན་གྱི་རྨང་གཞི་དེ་རྣམས་ཡར་རྒྱས་དང་གཞི་རྒྱ་ཆེ་རུ་གཏོང་དགོས་པ་མ་ཟད་གཏན་སྡོད་སློབ་གྲྭ་ཁག་གི་གནས་ཚད་ངེས་པར་དུ་གོང་འཕེལ་གཏོང་དགོས་ཀྱི་རེད་ཅེས་དང་དེ་ལྟར་ཡོང་བར་ལས་རིགས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོག་ལ་སློབ་ཡོན་མེད་པའི་འགྲོ་གྲོན་གཏོང་དགོས་པ་དང་དགེ་རྒན་ཡང་ཤེས་ཡོན་གྱི་གནས་ཚུལ་ལྡན་པ་མང་ཙམ་གསོ་སྐྱོང་བྱེད་དགོས་པ་ཡིན་ཞིང་ལྷག་པར་དུ་གཞི་རིམ་སློབ་གྲྭ་ཁག་གི་གནས་ཚད་ཡར་རྒྱས་གཏོང་དགོས་གལ་ཆེན་པོ་ཡིན་པའི་སྐོར་བཤད་ཡོད་པ་རེད། ད་དུང་ཁོང་གིས་བོད་ནང་དུ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་བར་ཁྱད་ཀྱི་ཤེས་ཡོན་ཁ་གསབ་རྒྱབ་རྒྱུར་དགེ་རྒན་ཆེད་གཏོང་བྱ་རྒྱུ་སོགས་རོགས་སྐྱོར་མང་ཙམ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ད་རེས་ལིའུ་དབྱང་ཏུང་བོད་དུ་འཚམས་འདྲི་བྱེད་པའི་རིང་ལ་མཐོ་རིམ་སློབ་གྲྭ་ཁག་དང་གཞི་རིམ་སློབ་གྲྭ་ཁག་བོད་ཀྱི་གནའ་བོའི་རྩ་ཆེའི་རིག་གཞུང་གི་ཤུལ་ཤག་ཁག་དང་ཞིབ་འཇུག་ཁང་།སོ་ནམ་གྱི་གཞི་ཡུལ་ཁག་ཏུ་འཚམས་འདྲིར་བསྐྱོད་ཡོད་པ་རེད།