༸གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཆར།
2011.01.25
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སྦེང་ལོར་རུ་ཡོད་པའི་སེནཏ་ཇོ་སེཕ་St. Josephཚན་རིག་དང་སྒྱུ་རྩལ་མཐོ་རིམ་སློབ་གྲྭ་ནས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཟའ་ཉི་མའི་ཉིན་སློབ་གྲྭ་དེར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག།
ཡང་གཟའ་སྤེན་པའི་ཉིན་སྦེང་ལོར་གྲོང་ཁྱེར་ནས་རྒྱང་ཐག་ཀི་ལོ་མི་ཊར་༥༠༠ཙམ་གྱི་སར་ཆགས་པའི་ཆི་ཏྲ་རྡུ་ག་ཞེས་པའི་ས་གནས་སུ་རྒྱ་གར་གྱི་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་པོ་སྐུ་ཞབས་ནི་ཇ་ལིངྒ་པཱ་འདས་པོ་དེའི་རྗེས་དྲན་གྱི་མཛད་སྒོ་ཞིག་ཏུ་ཡང་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་གི་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་སྤྱི་ཁྱབ་པ་སྐུ་ཞབས་བཀྲིས་ཕུན་ཚོགས་ལགས་ཀྱིས་གསུངས་འདུག།
སྐུ་ཞབས་འདས་པོ་ནི་ཇ་ལིངྒ་པཱ་མཆོག་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་ནང་བོད་མི་ཐོག་མར་གཞིས་ཆགས་སུ་བཞེས་མཁན་དང་བོད་མི་ཚོའི་འཚོ་ཐབས་རང་ཁ་རང་གསོའི་ཆེད་ས་ཞིང་མཁོ་སྤྲོད་གནང་མཁན་གཙོ་བོ་སྟེ་བོད་མི་ཚོར་ཧ་ལས་པའི་དྲིན་ཆེན་གྱི་མི་སྣ་ཞིག་ཡིན་པ་རེད།
གཟའ་ཉི་མ་སྟེ་ཕྱི་ཟླ་༡་ཚེས་༣༠ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་རུ་རྒྱ་གར་གྱི་ཐེག་པ་ཆེན་པོའི་སྲོལ་རྒྱུན་རྒྱུད་འཛིན་ཚོགས་པས་གོ་སྒྲིག་ཞུས་པ་ལྟར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་སྒོ་ནས་སྦ་ས་ན་ལྦ་གུ་རྡི་རྒྱལ་ཡོངས་མཐོ་སློབ་ཀྱི་ཐང་ཆེན་དུ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་འདུག།
St. Josephམཐོ་རིམ་སློབ་གྲྭ་དེའི་གཙོ་འཛིན་ཌོཀ་ཊར་ཨེམ་སྦོ་རོ་སེ་པིན་ཏོ་མཆོག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བྱམས་པ་དང་ཞི་བདེ་མཚོན་པའི་གོ་ལའི་དབུ་འཁྲིད་བླ་ན་མེད་པ་ཞིག་ཡིན་པ་གསུངས་པ་དང་ ད་དུང་ཁོང་གིས་མུ་འཐུད་༧གོང་ས་ཏཱ་ལའི་བླ་མཆོག་གི་མཛད་འཕྲིན་ལ་རྒྱབ་སྐྱོར་ཞུ་རྒྱུ་དེ་ནི་དྲག་གནོན་དང་གཉའ་གནོན་གྱི་བྱ་སྤྱོད་སྤོང་རྒྱུ་མཚོན་པར་མ་ཟད་ རེ་བ་དང་ ཆོད་སེམས་ ཕན་ཚུན་སྤུན་ཟླའི་ངང་ཚུལ་ཇེ་ཆེར་གཏོང་རྒྱུ་སོགས་ཀྱང་མཚོན་ཐུབ་རྒྱུ་ཡིན་པ་གསུངས་འདུག།
St. Josephཚན་རིག་དང་སྒྱུ་སྩལ་མཐོ་རིམ་སློབ་གྲྭ་དེའི་ནང་ད་ལྟའི་སྐབས་བོད་ཕྲུག་བརྒྱ་དང་བཅུ་དྲུག་ཙམ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྦེང་ལོར་གྱི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་འགྲུབ་རྗེས་མོན་གོཏ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་སྟེ་ ར་སྟོད་གྲྭ་ཚང་དབུ་འབྱེད་དང་དེ་རྗེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་རྩ་ཤེ་ཊི་ཀའི་ཟིན་བྲིས་དང་སྒྲོལ་མའི་རྗེས་གནང་བཅས་ཀྱི་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་ དེའི་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་དང་ དགའ་ཤར་གྲྭ་ཚང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།