འཛམ་གླིང་ཆོས་ལུགས་ཁག་གི་ལྷན་ཚོགས།
2009.07.23
༄༅༎བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨོ་སོ་ཀྲོ་ལི་ཡ་ནང་ཚུགས་རྒྱུའི་འཛམ་གླིང་ཆོས་ལུགས་ཁག་གི་ལྷན་ཚོགས་ནང་ལྷན་བཅར་མཛད་རྒྱུ་དང་ལྷན་ཚོགས་འདིའི་ཐོག་ཆོས་ལུགས་ཕན་ཚུན་དབར་གོ་རྟོགས་དང་མཉམ་ལས་ཀྱི་སྒོ་ནས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།
དེ་ཡང་རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ཨ་རིའི་གྲོང་ཁྱེར་ཤི་ཁ་གོ་རུ་རྟེན་གཞི་བྱས་པའི་འཛམ་གླིང་གི་ཆོས་ལུགས་དང་འབྲེལ་བའི་ལས་འཛིན་ལྷན་ཁང་ནས་འཛམ་གླིང་ཆོས་ལུགས་ཀྱི་ལྷན་ཚོགས་ཐེངས་ལྔ་པ་དེ་བཞིན་འདི་ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་གསུམ་ནས་དགུ་བར་ཨོ་སོ་ཀྲོ་ལི་ཡའི་མེལ་སྦོན་གྲོང་ཁྱེར་རུ་སྐོང་ཚོགས་གནང་གཏན་འཁེལ་ཡོད་པ་རེད། ཆོས་ལུགས་ཀྱི་ལྷན་ཚོགས་འདིའི་ཐོག་ཆོས་ལུགས་ཕན་ཚུན་དབར་གོ་ཤེས་དང་ལས་དོན་མཉམ་ལས་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་མི་རིགས་མཐུན་འབྲེལ་སོགས་གོང་འཕེལ་གཏོང་ཕྱོགས་ཐད་བགྲོ་གླེང་དང་གསུང་བཤད་ཟབ་སྦྱོང།འགྲེམས་སྟོན།འཁྲབ་སྟོན་སོགས་ཁྱོན་མཛད་རིམ་ཁག་ལྔ་བརྒྱ་ཙམ་གྲ་སྒྲིག་གནང་རྒྱུ་ཡིན་པ་རེད། ལྷག་པར་དུ་སྐབས་འདིའི་འཛམ་གླིང་ཆོས་ལུགས་ཀྱི་ལྷན་ཚོགས་ནང་འཛམ་གླིང་ཕྱོགས་གང་ས་ནས་ཆོས་ལུགས་འདྲ་མིན་སྣ་ཚོགས་ཀྱི་ཆོས་དཔོན་དང་དབུ་འཁྲིད་བརྒྱ་ཕྲག་མང་པོ་ཚོགས་བཅར་ཞུ་རྒྱུ་མ་ཟད་གསུང་བཤད་གནང་མཁན་གཙོ་བོའི་གྲས་སུ་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇིའུ་ཆོས་ལུགས་ཀྱི་བླ་ཆེན་ཌེ་ལྦི་ཌི་རོ་སེན་དང་རྒྱ་གར་ནས་ཤྲི་ཤྲི་ར་ལྦི་ཤང་ཀར།འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་པའི་དབུ་བླ་ལོ་རེན་སི་ཕི་རི་མེན་བཅས་ཆོས་ཕྱོགས་ཀྱི་དབུ་འཁྲིད་དང་མཁས་དབང་དུ་མ་ལྷན་བཅར་ཞུ་རྒྱུ་ཡིན་པ་རེད༎