ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ཨེ་ཤེ་ཡར་ཕེབས་རྒྱུ་ཡིན་ནའང་། ཐེ་ཝན་དུ་ཕེབས་མིན་གཏན་འཁེལ་མེད་པ་རེད།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ཐེ་ཝན་དུ་ཕེབས་མིན་གྱི་གནད་དོན་འདི་ནི་ཨ་རི་དང་རྒྱ་ནག་དབར་ཧ་ཅང་རྣོ་ངར་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཟིན་ཡོད་ཅིང་། ལྕམ་པེ་ལོ་སི་མཆོག་གཟའ་པ་སངས་ཉིན་ཉེ་ཧོང་དང་ལྷོ་ཀོ་རི་ཡ། མ་ལེ་ཤེ་ཡ་དང་སིངྒ་པུར་སོགས་ཨ་རིའི་མཐུན་ཕྱོགས་ཀྱི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་ནང་འཚམས་གཟིགས་གནང་རྒྱུ་ཡིན་ན་ཡང་། ཐེ་ཝན་དུ་ཕེབས་མིན་ད་ལྟ་གཏན་འཁེལ་མེད་པ་ཨ་རིའི་སི་ཨེན་ཨེན་གསར་ལས་ཁང་ལ་གནད་དོན་འདིའི་ཐད་རྒྱུད་མངའ་ཡོད་པ་ཞིག་གི་བརྗོད་པ་ལུང་འདྲེན་བྱས་འདུག
ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ ཕྱི་ཚེས་ ༢༩ གཟའ་པ་སངས་ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཁོང་ཐེ་ཝན་དུ་ཕེབས་མིན་བཀའ་འདྲི་ཞུས་སྐབས། ངས་དུས་ནམ་ཡང་ངའི་ཕྱོགས་བསྐྱོད་སྐོར་སྐད་ཆ་ཤོད་ཀྱི་མེད། འདི་ནི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་དང་། གྲོས་ཚོགས་ཀྱི་འཐུས་མི་སུ་འདྲ་ཞིག་གི་ཕྱོགས་བསྐྱོད་སྤྱི་དང་ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་གནང་རྒྱུ་ནི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བ་ཆགས་ཡོད། ལྷག་པར་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་ཕྱོགས་བསྐྱོད་ཀྱི་གནད་དོན་འདི་ནི་ངའི་མཉམ་དུ་ཕྱོགས་བསྐྱེད་བྱེད་མཁན་གྲོས་ཚོགས་ཀྱི་འཐུས་མི་གཞན་ཁག་དང་དེ་མིན་ལས་བྱེད་པ་ཚོའི་བདེ་འཇགས་ཀྱི་གནས་བབས་དང་འབྲེལ་བ་ཡོད་པ་རེད་ཅེས་གསུངས་འདུག
གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་དབར་དྲ་ཐོག་གི་མཇལ་མོལ་གྲུབ་རྗེས་རྒྱ་ནག་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་། མེ་དང་གཏུགས་ན་འཚིག་རྒྱུ་ལས་མེད་པ་དེ་ཨ་རིའི་ངོས་ནས་ཤེས་རྟོགས་དགོས་པ་ཞིག་རེད་ཅེས་བརྗོད་འདུག་ལ། ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་ཕེབས་ཚེ་རྒྱ་ནག་གི་ངོས་ནས་དྲག་པོའི་ཡ་ལན་ཚ་ནན་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།