བལ་ཡུལ་གྱི་རྒྱལ་ཁབ་ངོ་བོ་འཛིན་ཕྱོགས་མི་མཐུན་པའི་སྐོར།
2008.10.03
༄༅༎བལ་ཡུལ་གྱི་གྲོས་ཚོགས་ནང་སྲིད་དོན་ཚོགས་པའི་དབར་བལ་ཡུལ་རྒྱལ་ཁབ་ཀྱི་ངོ་བོ་འཛིན་ཕྱོགས་སྐོར་ལ་བསམ་ཚུལ་གཅིག་མཚུངས་ཡོང་གི་མེད་པའི་སྐོར་བལ་ཡུལ་གྱི་རའེ་སིང་ཚགས་ཤོག་ཐོག་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་བལ་ཡུལ་དེ་བཞིན་ད་ལོ་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་བརྒྱད་ཉིན་ནས་རྒྱལ་པོའི་ལམ་ལུགས་མེད་པ་བཟོས་སྟེ་སྤྱི་མཐུན་རྒྱལ་ཁབ་ཏུ་འགྱུར་བ་བཏང་བའི་རྗེས། ད་ཆ་བལ་ཡུལ་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་འདྲ་མིན་དབར་བལ་ཡུལ་རྒྱལ་ཁབ་ཀྱི་ངོ་བོ་བཟུང་ཕྱོགས་ལ་བསམ་ཚུལ་གཅིག་མཚུངས་མ་བྱུང་བར། ད་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྲོས་ཚོགས་ནང་རྒྱལ་ཁབ་ཀྱི་ངོ་བོ་འཛིན་ཕྱོགས་ཐད་གྲོས་མོལ་བྱས་ཡོད་ཀྱང༌། ད་བར་གྲོས་མཐུན་མ་བྱུང་བར་ངོ་བོ་འཛིན་ཕྱོགས་གཏན་འབེབས་ཤིག་བྱུང་མེད་ཅིང༌། བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་མའོ་ཤོག་ཁག་གིས་བལ་ཡུལ་དེ་བཞིན་མི་མང་སྤྱི་མཚུན་ཚོགས་པ་ཞེས་འབོད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་པ་དང། བལ་ཡུལ་ནང་གི་སྲིད་དོན་ཚོགས་ཨང་གཉིས་པ་ནེ་པ་ལི་ཀོང་རེསི་ཚོགས་པས་ བལ་ཡུལ་དེ་བཞིན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཅེས་འབོད་དགོས་པའི་འདོད་ཚུལ་བཏོན་ཡོད་ཅིང་། དེ་མིན་བལ་ཡུལ་གྱི་སྲིད་དོན་ཚོགས་པ་གསུམ་པ་མཀ་སེསི་ལེ་ནིན་གྱི་རིང་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་གྱི་ཚོགས་པས་བལ་ཡུལ་དེ་བཞིན་མི་མང་གི་མནའ་འབྲེལ་དམངས་གཙོ་ཚོགས་པ་ཞེས་འབོད་རྒྱུའི་འདོད་ཚུལ་བཏོན་གྱི་ཡོད་པ་སྟབས་ བལ་ཡུལ་གྲོས་ཚོགས་ནང་རྒྱལ་ཁབ་ཀྱི་ངོ་བོ་བཟུང་ཕྱོགས་ཐོག་གྲོས་མོལ་ཐེངས་མང་བྱས་ཡོད་ཀྱང་འབྲས་བུ་གང་ཡང་མ་ཐོན་པར་ད་དུང་ཡང་རྒྱལ་ཁབ་ཀྱི་ངོ་བོ་བཟུང་ཕྱོགས་ཐད་གཏན་འབེབས་གནང་པོ་ཞིག་བྱུང་མེད་པ་རེད༎