ཧོ་ཀོརིཡ་ཉེན་རྟོག་པས་དཔལ་འབར་འགོག་རྐྱེན་བཟོ་མཁན་ལ་ཉེས་ཆད་གཏང་རྒྱུ་ཡིན་པ།
2008.04.25
༄༅༎རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་ལྷོ་ཀོ་རིཡ་ ནང་སྤྲོད་ལེན་བསྐོར་བསྐྱོད་བྱེད་སྐབས་ཉེན་རྟོག་པ་བརྒྱད་སྟོང་གསུམ་རྒྱ་ལྷག་འགྲེམས་འཇོག་བྱ་རྒྱུ་དང་། ལྷག་པར་དུ་དཔལ་འབར་
བསྐོར་བསྐྱོེད་ཀྱི་འགྲོ་ལམ་ཐོག་འགོག་རྐྱེན་བཟོ་མཁན་ལ་ཉེས་ཆད་ཚ་ནན་གཏང་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང༌། རྒྱ་ནག ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་རེས་གཟའ་ཉི་མའི་ཉིན་ལྷོ་ཀོ་རིཡ་ཡི་ནང་བསྐོར་བསྐྱོད་བྱེད་སྐབས་ལྷོ་ཀོ་རིཡ་ཡི་ཉེན་རྟོག་པས་ཁྲིམས་ལུགས་དང་མཐུན་པའི་མི་དམངས་འདུ་འཛོམས་ངོ་རྒོལ་ལས་འགུལ་སྤེལ་ཆོག་པའི་རང་དབང་། འགྲིམས་འགྲུལ་གྱི་སྒྲིག་སྲོལ། དཔལ་འབར་བསྐོར་བསྐྱོད་ལ་འགོག་རྐྱེན་བཟོ་ཐབས་བྱེད་པའི་ལས་འགུལ་དེ་དག་ཐོག་ཁྲིམས་མཐུན་གྱི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་རིང་ལྷོ་ཀོ་རིཡ་ཡི་རྒྱལ་ཡོངས་ཉེན་རྟོག་དམག་དཔོན་ ཨོ་ཁྲུང་སུ་ ཡིས་དབུ་ཁྲིད་པའི་མཐོ་རིམ་ཉེན་རྟོག་དཔོན་རིགས་ཀྱི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་དཔལ་འབར་བསྐོར་བསྐྱོད་སྐབས་ངོ་རྒོལ་བྱེད་མཁན་གྱིས་འགོག་རྐྱེན་བཟོ་ཐབས་བྱ་ཚེ་འཛིན་བཟུང་བྱ་རྒྱུ་མ་ཟད། ཉེས་ཆད་གཏང་རྒྱུའི་ཐག་གཅོད་བྱས་ཡོད་པའི་སྐོར་ལྷོ་ཀོ་རིཡ་ཡི་ ཡོན་ཧཔ་ གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་ ཨོ་ལིམ་པིཀ་་ རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་སྐབས་ལ་ཆོས་ལུགས་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་མཐུན་ཚོགས་ ༦༣་གྱིས་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་ནས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཡོན་ཧཔ་ གསར་ཤོག་ཐོག་ལ་བྱང་ཀོ་རིཡ་ཡི་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་ ཧན་ གྱི་གཙང་ཆུ་ཞེས་པའི་ཟམ་པའི་འགྲོ་ལམ་བཀག་འགོག་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཀོད་ཡོད་པ་རེད༎