ལྷོ་ཀོ་རི་ཡས་ཁྲག་ལན་ཁྲག་གི་འཇལ་རྒྱུ་ཡིན་པ་བཤད་པ།
2010.11.27
༄༅༎ལྷོ་ཀུ་རི་ཡས་གཟའ་མིག་དམར་ཉིན་བྱང་ཀུ་རི་ཡའི་མེ་མགྱོགས་ཀྱི་གཏོར་རྒོལ་འོག་རྐྱེན་འདས་སུ་ཕྱིན་པའི་དམག་མི་གཉིས་ལ་ལྷོ་ཀུ་རི་ཡའི་རྒྱལ་ས་སོའོ་ཡི་དམག་དཔུང་གི་སྨན་ཁང་ཞིག་ཏུ་མྱ་ངན་སྤེལ་ནས་མྱ་ངན་གྱི་མཛད་སྒོ་དེ་བཞིན་ལྷོ་ཀུ་རི་ཡའི་རྒྱལ་ཡོངས་སུ་བརྙན་འཕྲིན་བརྒྱུད་ནས་ཐད་ཀར་བཏོན་ཡོད་པ་རེད་
ལྷོ་ཀུ་རི་ཡའི་གསར་འགྱུར་རྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་མྱ་ངན་གྱི་མཛད་སྒོ་དེའི་ཐོག་ལྷོ་ཀུ་རི་ཡའི་སྲིད་འཛིན་དང་མཚོ་ཐོག་དམག་དཔུང་གི་ཆེས་མཐོའི་དམག་དཔོན་སོགས་གཙོ་བོ་གནང་བའི་སྲིད་གཞུང་གི་དཔོན་རིགས་སྟོང་ཕྲག་ཙམ་དང་ དམག་དཔུང་གི་དཔོན་རིགས་ ཆོས་ལུགས་དབུ་ཁྲིད་དང་ལས་འགུལ་བ་ མང་ཚོགས་སོགས་མཉམ་བཞུགས་གནང་ཡོད་ཅིང་ལྷོ་ཀུ་རི་ཡའི་མཚོ་ཐོག་དམག་དཔུང་གི་དམག་དཔོན་ཡུའུ་ནཀ་ཇུན་ཡིས་མྱ་ངན་གྱི་མཛད་སྒོའི་ཐོག་གསུང་བཤད་གནང་བའི་སྐབས་ཁྲག་ལན་ཁྲག་གི་འཇལ་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད་
གཟའ་འཁོར་འདིའི་གཟའ་མིག་དམར་ཉིན་བྱང་ཀུ་རི་ཡས་ལྷོ་ཀུ་རི་ཡའི་མིེ་སེར་གནས་སྡོད་བྱེད་སའི་བྱང་ཀུ་རི་ཡ་དང་ཐག་ཉེ་བའི་གླིང་ཕྲན་ཞིག་ཏུ་མེ་མགྱོགས་ཀྱི་གཏོར་རྒོལ་བཏང་ནས་ཉུང་ཐར་ལྷོ་ཀུ་རི་ཡའི་དམག་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་དེ་མིན་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་ དོན་རྐྱེན་དེ་བྱུང་རྗེས་ཨ་རི་དང་ལྷོ་ཀུ་རི་ཡས་བྱང་ཀུ་རི་ཡའི་བྱ་སྤྱོད་དེར་ཁ་རྡུང་བཏང་བ་དང་འབྲེལ་རྒོལ་ལན་གྱི་རྣམ་འགྱུར་མཚོན་ཆེད་གཟའ་ཉི་མའི་ཉིན་ཡུལ་གྲུ་གཉིས་དབར་ཀུ་རི་ཡའི་ཕྱེད་གླིང་གི་མཚོ་ཐོག་དུ་ཟུང་འབྲེལ་གྱི་དམག་དོན་སྦྱོང་བརྡར་བྱ་རྒྱུའི་ཐག་གཅོད་ཕྱིར་བསྒྲགས་གནང་ཡོད་པ་རེད་