བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་གསར་བ་བཏང་འདུག
2016.12.02

ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་གསར་པ་བཏང་ཡོད་འདུག
དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་ཐད་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་འཕར་མ་གཏོང་རྒྱུའི་གྲོས་ཆོད་བཞག་རྗེས། ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱིས་ཡུལ་དེར་ཉེས་ཆད་འཕར་མ་གཏོང་རྩིས་ཡོད་འདུག འདི་ལོ་ཕྱི་ཟླ་དགུ་པའི་ནང་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་ཐེངས་ལྔ་པ་དང་ཆེ་ཤོས་དེ་བྱས་པའི་རྗེས། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཕྱིར་ཚོང་གི་ཡོང་འབབ་བཞི་ཆ་གཅིག་ཉུང་དུ་གཏོང་རྒྱུའི་གྲོས་ཆོད་སྣོན་འཇོག་གནང་ཡོད་འདུག འོན་ཀྱང་བྱང་ཀོ་རི་ཡས་གྲོས་ཆོད་དེ་ནི་ཨ་མི་རི་ཀའི་གནོན་ཤུགས་ཁོ་ནའི་འོག་བྱང་ཀོ་རི་ཡའི་མངའ་ཐང་ལ་ཐེ་ཇུས་དང་ཐུབ་ཚོད་བཏང་བ་ཞིག་ལ་ངོས་འཛིན་གྱིས་རྒྱལ་ཚོཊ་ཀྱི་གྲོས་ཆོད་དེ་ངོས་ལེན་བྱེད་ཀྱི་མེད་པ་རེད།
ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨུན་དང་ཉེ་བའི་འཁོར་བཅས་ཆོའེ་རེ་ཡོང་ཧའེ་(Choe Ryong Hae)་དང་། ཧའང་པིཡོང་སོ་(Hwang
Pyong So)་མིང་གཞུང་ནག་པོའི་ནང་ཐོ་འགོད་བྱས་ཡོད་འདུག
ཉི་ཧོང་གིས་བྱང་ཀོ་རི་ཡའི་མཚོ་ཁའི་གྲུ་གཟིངས་འགྲུལ་བཞུད་ལ་སྟངས་འཛིན་བྱེད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག དེའི་དབར་ལ་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ས་མན་ཐ་པ་ཝར་(Samantha Power)གྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཐོག་དམ་བསྒྲགས་གནང་བ་དེ་ལག་ལེན་འཁེལ་བའི་རེ་བ་ཡོད་ཅེས་གསུངས་གནང་འདུག།
གསར་འགོད་པ་ཀརྨ་རྒྱ་མཚོ།