ཧོ་ཀོ་རི་ཡས་རྒྱ་མིའི་ཉ་པ་གསུམ་པོ་གློད་བཀྲོལ་བཏང་ཡོད་པ།
2010.12.25
༄༅༎ཟླ་བ་འདིའི་འགོ་སྟོད་དུ་ལྷོ་ཀོ་རི་ཡས་འཛིན་བཟུང་བྱས་པའི་རྒྱ་མིའི་ཉ་པ་མི་གསུམ་དེ་དེག་དེ་རིང་ཕྱི་ཟླ་ ༡༢་ཚེས་ ༢༥ ཉིན་གློད་བཀྲོལ་བཏང་ཡོད་པ།
ལྷོ་ཀོ་རི་ཡའི་གཞུང་གིས་རྒྱ་མིའི་ཉ་པ་མི་གསུམ་པོ་དེ་དག་ལ་། ཁོང་ཚོས་ཆེད་མངགས་ཀོ་རི་ཡའི་ཆུ་མཚམས་ཀྱི་ནང་འཛུལ་བར་མ་ཟད་དམིགས་སུ་བཀར་ཏེ། ལྷོ་ཀོ་རི་ཡའི་སྲུང་སྐྱོབ་བལྟ་སྲུང་གི་གྲུ་རྫིངས་ལ་བརྡུང་ཁ་བརྒྱབ་པའི་དོན་རྐྱེན་ཐོག་འདྲི་བརྩད་བྱས་ཡོད་པ་དང་། རྒྱ་མིའི་ཉ་པ་འཛིན་བཟུང་བྱས་པའི་གནད་དོན་དེས། རྒྱ་ནག་དང་ཀོ་རི་ཡའི་དབར་ཕྱི་འབྲེལ་སྲིད་བྱུས་ཀྱི་རྙོག་གླེང་རྩོད་གཞི་ཆེན་པོ་ཞིག་བྱུང་ཡོད་པ་རེད།
གྲུ་རྫིངས་གདོང་ཐུག་བྱུང་པའི་སྐབས་རྒྱ་མིའི་ཉ་པའི་གྲུ་རྫིངས་ཆུའི་ནང་ཐིམ་སྟེ། ཉ་པ་མི་གཅིག་དེ་མ་ཐག་འདས་གྲོངས་སུ་ཕྱིན་པ་དང་། མི་གཉིས་པ་ཞིག་གར་སོང་ཆར་མེད་དུ་གྱུར་ཡོད་པ་རེད།
ལྷོ་ཀོ་རི་ཡའི་གཞུང་གིས་རྒྱ་མིའི་ཉ་པ་དེ་དག་གིས་འདྲི་བརྩད་ཁག་ལ་ལན་འདེབས་གསལ་པོ་བྱས་པ་དང་། ཁོང་ཚོས་ཀོ་རི་ཡའི་ཆུ་ཐོག་ཁྲིམས་འགལ་ནག་ཉེས་ཀྱི་ལས་དོན་གང་ཡང་སྤེལ་མེད་སྟབས། ཁོང་ཚོའི་ཐོག་ཁྲིམས་ཐོག་ནས་ཉེས་ཆད་མི་འགེལ་རྒྱུའི་ཐག་གཅོད་བྱས་ལུགས་བརྗོད་ཡོད་པ་རེད།
འོན་ཀྱང་ལྷོ་ཀོ་རི་ཡའི་གཞུང་གིས་འདས་པའི་ལོ་གཅིག་གི་དུས་ཡུན་ནང་རྒྱ་མིའི་ཉ་པའི་གྲུ་རྫིངས་ལྷོ་ཀོ་རི་ཡའི་ཆུའི་ནང་ཡོང་རྒྱུ་མང་དུ་ཕྱིན་པ་བརྗོད་ཡོད་པ་རེད༎