བཙན་བྱོལ་བོད་མིའི་སོ་ནམ་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་ཐོག་གྲོས་ཆོད་གལ་ཆེན་ཁག་གཅིག་གཏན་འབེབས་བྱུང་འདུག

2025.02.23
བཙན་བྱོལ་བོད་མིའི་སོ་ནམ་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་ཐོག་གྲོས་ཆོད་གལ་ཆེན་ཁག་གཅིག་གཏན་འབེབས་བྱུང་འདུག སོ་ནམ་ཞིང་ལས་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་ཉིན་མཐའ་མའི་སྐབས། ༢༠༢༥།༠༢།༢༢ ཉིན།
RFA/ Pema Ngodup

ཟླ་བ་འདིའི་ཚེས་ ༢༠ ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་དང་དབུས། བྱང་ཕྱོགས་དང་བྱང་ཤར་བཅས་ཀྱིབོད་མིའི་གཞིས་ཆགས་ཁག་ ༡༢ ཀྱི་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་བོད་མིའི་གཞིས་ཆགས་ཁག་གི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་དེ་བཞིན། འདི་ཚེས་ ༢༢ ཉིན་གྱི་ཕྱི་དྲོར་མཇུག་སྒྲིལ་གྱིས། བོད་མིའི་འཐབ་རྩོད་མུ་མཐུད་རྒྱུན་གནས་ཐུབ་རྒྱུར་བོད་མིའི་གཞིས་ཆགས་ཁག་ཚགས་ཚུད་སྲ་བརྟན་གནས་ཐབས་སུ་བོད་མིའི་འཚོ་བའི་རྟེན་གཞི་སོ་ནམ་ལས་གཞི་ཡར་རྒྱས་གཏང་ཕྱོགས་ཀྱི་ཐད་གྲོས་གཞི་ཁག་གཅིག་གི་ཐོག་གྲོས་བསྡུར་རིམ་པ་གནང་བའི་མཐའ་འཇུག་ཏུ། སོ་ནམ་སྲིད་བྱུས་བསྐྱར་བཅོས་དང་། ཞིང་པར་སྐྱེས་མེད་དང་སྐྱེས་ཆུང་བུན་གཡར་གཏང་རྒྱུ་ཡོད་པ་དེ་སྤར་ཆ། སོ་ནམ་ཞིང་ལས་ཉིན་མོ་གཏན་འབེབས། ཞིང་པས་རྫས་ལུད་ཤུགས་ཆེ་བེད་སྤྱོད་བྱས་པ་དེས་མི་དང་སེམས་ཅན་ཀུན་གྱི་འཕྲོད་བསྟེན་ལ་གནོད་གཞི་ཅན་ཞིག་གྱུར་བཞིན་པར་རྫས་ལུད་བེད་སྤྱོད་མི་གཏོང་བའི་འབོད་སྐུལ། ཞིང་ལས་གཉེར་བའི་སྐབས་སོ་ནམ་སློབ་སྟོན་པ་རྣམས་ནས་དེང་དུས་དང་མཐུན་པའི་ཞིང་པའི་འཕྲུལ་ཆས་རིགས་གང་མང་བཀོལ་སྤྱོད། ཞིང་ཆུ་འདྲེན་གཏོང་མཐུན་རྐྱེན་གོང་འཕེལ་གཏོང་ཐབས་དགོས་པ་སོགས་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ངོ་སྤྲོད་གནང་བྱུང་།

76.jpg
ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སོ་ནམ་ཞིང་ལས་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་ཉིན་མཐའ་མའི་སྐབས། ༢༠༢༥།༠༢།༢༢ ཉིན།

ཐེངས་འདིའི་སོ་ནམ་སྲིད་བྱུས་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་དེའི་ཐོག་མཉམ་བཞུགས་གནང་མཁན། ཀོ་ལེ་གྷལ་དོན་ལྡན་གླིང་སོ་ནམ་སློབ་སྟོན་པ་འཇམ་དབྱངས་ལགས་ཀྱིས་གསུངས་དོན་ལ། ལྷན་ཚོགས་འདིའི་ཐོག་གཙོ་བོ་ས་ཆུའི་བདག་གཅེས་ཞན་པ་དང་ཞིང་པ་ཉུང་དུ་ཕྱིན་པ་སོགས་ཀྱིས་རྐྱེན་ཞིང་ས་སྟོང་པ་ལྷག་བཞིན་པར་གདོང་ལེན་གྱི་ཐབས་ལམ་ཁག་གཅིག་གི་སྐོར་གྲོས་ཆོད་གཏན་འབེབས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་སོ་ནམ་སློབ་སྟོན་པ་སྐལ་བཟང་དབང་མོ་ལགས་ཀྱིས། ད་ལན་ལྷན་ཚོགས་དེའི་བརྒྱུད། དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་སྐྱེས་ལྡན་སོ་ནམ་ལམ་སྲོལ་གཏན་འབེབས་གནང་བ་ལག་བསྟར་མ་ཐུབ་པར་དེ་མུར་ལུས་ཡོད་པ་རྣམས་སོ་ནམ་ལམ་སྲོལ་སྤྱིར་དགེ་མཚན་ཆེ་བར་གཟིགས་ཏེ་མུ་མཐུད་རྒྱུན་འཁྱོང་བྱ་རྒྱུའི་ཐག་གཅོད་བྱུང་བ་དེར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

74.jpg
སོ་ནམ་ཞིང་ལས་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་ཉིན་མཐའ་མའི་སྐབས། ༢༠༢༥།༠༢།༢༢ ཉིན།

ཉིན་གསུམ་གྱི་བོད་མིའི་སོ་ནམ་ལས་དོན་ཡར་རྒྱས་དང་འབྲེལ་བའི་ལྷན་ཚོགས་དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམས་ནས། སོ་ནམ་ལས་དོན་དང་འབྲེལ་བའི་བོད་མིའི་གཞིས་ཆགས་ཁག་གི་ལས་བྱེད་རྣམས་དང་ལྷན། བཙན་བྱོལ་བོད་མིའི་ལས་གཞི་དེ་བཞིན་མ་འོངས་ཚགས་ཚུད་སོགས་ཀྱི་ཐད་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎