ཨེ་ཤེ་ཡའི་སྲུང་སྐྱོབ་ལྷན་ཚོཊ་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན།
2015.08.04
ཨེ་ཤེ་ཡའི་སྲུང་སྐྱོབ་ལྷན་ཚོགས་ཚོགས་པའི་རིང་ལ་ལྷོ་རྒྱ་ནག་གི་རྒྱ་མཚོའི་རྩོད་གཞིའི་གནད་དོན་ཐད་བློ་འཚབ་ཡོད་པའི་གླེང་སློང་གནང་དགོས་པའི་འབོད་སྐུལ།
དེ་ཡང་ཨ་མི་རི་ཀ་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་གླིང་ཕྲན་འཛུགས་སྐྲུན་བྱེད་བཞིན་པའི་བྱ་སྤྱོད་དེའི་ཐོག་ནས་ཉེན་ཁའི་རང་བཞིན་ཇེ་ཆེར་འགྲོ་བའི་གནས་སྟངས་ལ་བལྟ་ཞིབ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བདག་དབང་རྩོད་ལེན་བྱེད་ཡུལ་གྱི་རྒྱ་མཚོའི་ཐོག་ལ་དམག་དཔུང་གི་རྟེན་གཞི་བཙུགས་ཏེ་དམག་མི་འཕར་སྣོན་བྱེད་སྲིད་པའི་གནད་དོན་དེ་དག་གིས་མ་འོངས་པར་འཁྲུག་རྩོད་ཀྱི་རྐྱེན་དུ་འགྱུར་སྲིད་པ་ངོས་འཛིན་གནང་གི་ཡོད་པ་དང་། ཨེ་ཤེ་ཡའི་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཚོགས་པའི་རིང་ལ་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ལ་གླིང་ཕྲན་བཟོ་བསྐྲུན་བྱེད་བཞིན་པའི་རྩོད་གཞིའི་གནད་དོན་ཐད་བློ་འཚབ་ཡོད་པའི་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བཅུ་ལས་གྲུབ་པའི་མཐུན་ཚོགས་ཀྱི་ལྷན་ཚོགས་དེ་ནི་དེ་རིང་Malaysiaའི་རྒྱལ་ས་Kuala Lumpurནང་འགོ་བཙུགས་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yiཡིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་གནད་དོན་ཐད་འགྲིགས་འཇགས་ཡོང་ཐབས་མེད་པའི་གོ་བརྡ་སྤྲད་ཡོད་པ་རེད། དེ་ནི་ཕྱི་སྲིད་བློན་ཆེན་Wang Yiཡིས་རེས་གཟའ་ཟླ་བའི་ཉིན་Singaporeནང་དུ་གསར་འགོད་འདུ་འཛོམས་ཐོག་ལ། རྒྱ་ནག་གི་ཕྱོགས་ནས་རྩོད་གཞི་ཅན་གྱི་གནད་དོན་དེའི་ཐོག་ལ་རྒྱལ་ཁབ་ཚང་མ་མཉམ་སྡོད་བྱེད་རྒྱུར་གྲོས་མོལ་གྱི་ཁོར་ཡུག་མེད་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། ད་དུང་རྒྱ་ནག་ལ་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་རྩོད་ལེན་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲད་བཞིན་པ་དེ་དག་ཁས་ལེན་བྱ་རྒྱུ་མིན་པའི་སྐོར་བཤད་ཡོད་པ་རེད། དེར་བརྟེན་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་དང་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་རྩོད་ལེན་བྱེད་མཁན་གྱི་རྒྱལ་ཁབ་གྲས་ནས་Philippines ཡི་ཕྱི་སྲིད་བློན་ཆེན་གྱིས། ལྷོ་རྒྱ་ནག་གི་རྒྱ་མཚོའི་རྙོག་དྲ་དེ་ཞི་འཇམ་ཡོང་ཐབས་ལ། ལྷན་ཚོགས་དེར་ཕེབས་པའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་ཚང་མས་ཞི་མཐུན་ལྡན་པའི་ཐོག་ནས་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།