ལྷོ་ཨཕ་རི་ཀའི་ཞི་བདེ་ལྷན་ཚོགས་ཕྱིར་འགྱངས་བྱས་ཡོད་པ།
2009.03.24
༄༅༎ལྷོ་ཨཕ་རི་ཀས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཞི་བདེའི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པའི་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་མཐོང་ཆན་ཡང་ན་ལྦི་ས་མ་ཕུལ་བ་དེར་ཡུལ་དེའི་ཆེས་མཐོའི་མི་སྣ་གཙོས་པའི་ཕྱོགས་འགལ་སྲིད་དོན་ཚོགས་པ་དང་འཛམ་གླིང་རྒྱལ་ཡོངས་ནས་ངོ་རྒོལ་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ལྷན་ཚོགས་དེ་ཕྱིར་འཐེན་བྱས་འདུག
ལྷོ་ཨཕ་རི་ཀའི་ནང་ཕྱི་ལོ་ཉིས་སྟོང་བཅུ་ལོར་འཛམ་གླིང་རྐང་རྩེད་པོ་ལོའི་འགྲན་བསྡུར་དང་འབྲེལ་བའི་ཞི་བདེའི་ལྷན་ཚོགས་གོ་སྒྲིགས་ཞུ་མཁན་མི་སྣ་མཐོ་གྲས་ཡིན་པ་ཨར་ལྦིན་ཁོ་ས་ཡིས་ལྷོ་ཨཕ་རི་ཀའི་ཞི་བདེའི་ལྷན་ཚོགས་དེ་གནང་སྟངས་ཡག་པོ་ཞིག་འོག་ཡོང་རྒྱུ་གཙོ་དོན་ཆེད་རེས་ཞིག་ལྷན་ཚོགས་དེ་ཕྱིར་འགྱངས་བྱ་རྒྱུ་ཡིན་ལུགས་དང་ལྷོ་ཨཕ་རི་ཀའི་གཞུང་གིས་༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་མཐོང་ཆེན་ལྦི་ས་ཕུལ་རྒྱུའི་བརྒྱུད་རིམ་ནང་སྐབས་དེར་༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་རྒྱུ་ཕྱིར་འགྱངས་དགོས་པའི་འབོད་སྐུལ་ཞུས་ལུགས་ཀྱང་གསུངས་འདུག
ལྷོ་ཨཕ་རི་ཀས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་མཐོང་ཆེན་ལྦི་ས་མ་ཕུལ་བའི་རྗེས་སུ་ཡུལ་དེའི་སྲིད་འཛིན་ཟུར་པ་ཨེཕ་ཌབ་ལུ་ཌི་ཀ་ལཀ་མཆོག་གིས་ལྷན་ཚོགས་དེའི་ནང་ལྷན་བཞུགས་མ་གནང་བར་ངོ་རྒོལ་གནང་རྒྱུའི་གསལ་བསྒྲཌ་གནང་བ་དང་ཡེ་ཤུའི་བླ་ཆེན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་ལྷོ་ཨཕ་རི་ཀའི་གཞུང་གི་ཐག་གཅོད་དེ་ནི་ཞབས་འདྲེན་ཞུ་ཞིག་ཡིན་པ་མ་ཟད་ལྷོ་ཨཕ་རི་ཀའི་གཞུང་གིས་ངོ་ཚ་མེད་པར་རྒྱ་མིའི་མགོ་སྐོར་བསླུ་ཁྲིད་རྗེས་སུ་འཇུག་སྐོར་སྐྱོན་བརྗོད་དྲག་པོ་གནང་བ་ལྟར་ས་གནས་ཀྱི་བརྒྱུད་ལམ་ཁག་གིས་སྐྱོན་བརྗོད་བྱས་འདུག ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཀྱང་གལ་ཏེ་ལྷོ་ཨཕ་རི་ཀའི་གཞུང་གིས་༸གོང་ས་མཆོག་ལ་མཐོང་ཆེན་ལྦི་ས་མ་ཕུལ་བ་དེའི་ཐད་བསྐྱར་དུ་བསམ་ཞིབ་མ་བྱས་ཚེ་ཚོགས་ཆུང་དེ་ཡང་ལྷན་ཚོགས་དེའི་ནང་མཉམ་བཞུགས་མ་གནང་བར་ངོ་རྒོལ་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པའི་གནས་ཚུལ་འདུག།