ལྷོ་ཨ་ཕི་རི་ཀའི་བྱ་སྤྱོད་ཐད་ཁྲིམས་གཏུགས།
2011.10.18
༄༅༎ཉེ་ཆར་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་མཛད་སྒོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་རྒྱུར་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་ཐོངས་མཆན་ལྦི་ཛ་མ་འབུལ་བ་དེར་རེས་གཟའ་ཟླ་བའི་ཉིན་ལྷོ་ཨ་ཕེ་ཀའི་ཆབ་སྲིད་ཚོགས་པ་གཉིས་ཀྱིས་གཞུང་གི་བྱ་སྤྱོད་ཁྲིམས་ཁང་དུ་ཞུ་གཏུགས་བྱས་ཡོད་པ་རེད།
དེ་ཡང་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དགུང་གྲངས་བརྒྱ་བཅུར་ཕེབས་པའི་འཁྲུངས་སྐར་མཛད་སྒོ་ཕྱི་ཟླ་བཅུ་པའི་ཚེས་བདུན་ཉིན་འཁེལ་ཡོད་པ་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་ཡོང་བའི་གདན་ཞུ་ཕུལ་ཡོད་ཀྱང་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་ཀ་ཀོར་མང་པོ་ཞིག་བཤད་དེ་མཐར་ཐོངས་མཆན་ལྦི་ཛ་ཕུལ་མེད་པ་རེད།
དེར་བརྟེན་ལྷོ་ཨ་ཕེ་རི་ཀའི་ཆབ་སྲིད་ཚོགས་པ་ཨིན་ཀ་ཐ་རང་དབང་ཚོགས་པ་དང༌། མི་དམངས་ཀྱི་ཚོགས་པ་ཞེས་པ་གཉིས་ཀྱིས་ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་ཁེབ་ཀྲའོན་ནང་དུ་ཡོད་པའི་མཐོ་རིམ་ཁྲིམས་ཁང་དུ་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་འབུལ་བའི་ཆབ་སྲིད་ཀྱི་གཏམ་བརྗོད་དེར་སྐྱོན་བརྗོད་ཀྱི་ཁྲིམས་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད་ཅིང༌། ཆབ་སྲིད་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ༧གོང་ས་ཏྰ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་མི་དགོས་པའི་རྒྱུ་མཚན་ཇི་ཡིན་ངེས་པར་དུ་དག་སེལ་བྱ་དགོས་པ་དང༌། དྲང་བདེན་མིན་པའི་བྱ་སྤྱོད་དེ་འདྲའི་རིགས་ལ་རྩ་བ་ནས་རྒྱབ་སྐྱོར་བྱ་རྒྱུ་མེད་ལ། བྱ་སྤྱོད་དེ་རིགས་ངེས་པར་དུ་ཁྲིམས་ཐོག་ནས་ཐག་གཅོད་བྱ་དགོས་ཀྱི་རེད་ཅེས་བཀོད་ཡོད་པ་རེད། ཕེ་རིན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དཔོན་ཀྲུ་ཀྲུ་ཡི་འཁྲུངས་སྐར་དུས་ཆེན་གྱི་དུས་ཚོད་ཉེ་བར་བཅར་བའི་སྐབས་༧གོང་ས་མཆོག་གི་ཐོངས་མཆན་སྐོར་ལ་ལྷོ་ཨ་ཕེ་རི་ཀའི་གཞུང་ཕྱོགས་ནས་གནས་ཚུལ་གང་ཡང་མ་འབྱོར་བར་བརྟེན། ལྷོ་ཨ་ཕེ་རི་ཀའི་གཞུང་ལ་མཛད་དཀའ་བཟོ་གི་ཡོད་ན་ཆིབས་བསྒྱུར་ཕྱི་བཤོལ་གནང་གི་ཡིན་ཞེས་བཀའ་གནང་ཡོད་པ་དེ་ནི། ལོ་གཉིས་ཀྱི་རྗེས་སུ་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་རྒྱ་ནག་གནོན་ཤུགས་ལ་འཇིགས་སྣང་གིས་༧གོང་ས་ཏྰ་ལའི་བླ་མ་མཆོག་ལྷོ་ཨ་ཕེ་རི་ཀར་ཆིབས་བསྒྱུར་གནང་རྒྱུར་སླར་ཡང་ཐོངས་མཆན་འབུལ་མེད་པ་རེད་ཅེས་བཀོད་ཡོད་པ་རེད།