༧གོང་ས་མཆོག་ལ་ཐོངས་མཆན་འབུལ་མིན་སྐོར།
2011.08.30
༄༅༎རེས་གཟའ་ཉི་མའི་ཉིན་གསར་འགྱུར་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕེ་རི་ཀར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་ཡི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུར་ཕྱི་ཟླ་དྲུག་པའི་ནང་ཐོངས་མཆན་ཞུས་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། དེ་རིང་རེས་གཟའ་ཟླ་བའི་ཉིན་ཨེ་ཕེ་རི་ཀའི་ནང་སྲིད་ལས་དོན་ལྷན་ཁང་གིས། གནས་ཚུལ་དེ་རྩད་དོན་བྱས་འབྲས་༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་ཐོངས་མཆན་གྱི་སྙན་ཞུ་ཕུལ་མེད་པའི་སྐོར་གསུང་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་ཡིས། ལྷོ་ཨ་ཕེ་རི་ཀའི་དཔོན་རིགས་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོང་གི་སྐུ་འཁྲུངས་མཛད་སྒོར་ཆིབས་བསྒྱུར་ཡོང་བའི་ཐོངས་མཆན་བཀའ་ཁྲོལ་ཡོང་བའི་འབོད་སྐུལ་གནང་ཡོད་པ་དང༌། འོན་ཀྱང་ནང་སྲིད་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་རོན་ནི་མ་མོ་ཨེ་པེ་ཞུ་བས། ༧གོང་ས་ཏྰ་ལའི་བླ་མ་མཆོག་གིས། ཌེསི་མེན་ཀྲུ་ཀྲུ་ཡི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་གནང་གི་ཡིན་གསུང་སྟེ་ཐོངས་མཆན་ཞུས་པ་དེ་འདྲ་རྩ་བ་ནས་བྱུང་མིན་འདུག་ཅེས་དང༌། ད་དུང་འབྲེལ་ཡོད་ཕྱི་སྲིད་ལྷན་ཁང་ནས་གཞུང་འབྲེལ་གྱི་ཐོག་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་ལྷོ་ཨ་ཕེ་རི་ཀའི་གཞུང་ཚབ་ཁང་དུ་ཐེངས་གཉིས་ཙམ་འབྲེལ་གཏུགས་བྱས་ཏེ་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་ཏྰ་ལའི་བླ་མ་མཆོག་ལྷོ་ཨེ་ཕེ་རི་ཀར་ཆིབས་བསྒྱུར་གནང་རྒྱུར་ཐོངས་མཆན་སྙན་ཞུ་ཕུལ་ཡོད་མེད་འདྲི་རྩད་བྱས་ཏེ་སྙན་ཞུ་ཕུལ་མེད་པའི་གནས་ཚུལ་ཁ་གསལ་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་ཐོན་པའི་གསར་ཤོག་དེའི་ཐོག་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་ཡིས། ལྷོ་ཨ་ཕེ་རི་ཀའི་གཞུང་ལ། ཕྱི་ཟླ་བཅུ་པའི་ནང་ཚོགས་རྒྱུའི་ཁོང་དགུང་གྲངས་༨༠ ཕེབས་པའི་འཁྲུངས་སྐར་མཛད་སྒོར་ཁོང་གི་གྲོགས་པོ་ནོ་བེལ་ཞི་བདེའི་བདག་ཉིད་༧གོང་ས་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ ཆིབས་བསྒྱུར་ཡོང་བའི་གདན་ཞུ་ཕུལ་བ་བཞིན། ཐོངས་མཆན་ཕུལ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་བའི་སྐོར་བཀོད་ཡོད་པ་དང༌། དེ་སྔ་༢༠༠༩ ལོར་ལྷོ་ཨ་ཕེ་རི་ཀའི་རྒྱལ་ས་ཇོ་ཧ་ན་སེ་སྦག་ཏུ་ཚོགས་པའི་ཞི་བདེའི་ལྷན་ཚོགས་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་རྒྱུར་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་ཐོངས་མཆན་མ་ཕུལ་བ་དེར། ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་གཙོས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོས་ལྷོ་ཨ་ཕེ་རི་ཀའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པར་བརྟེན། རེས་གཟའ་ཟླ་བའི་ཉིན་ལྷོ་ཨ་ཕེ་རི་ཀའི་ཕྱི་སྲིད་བློན་ཆེན་མཨི་ཏེ་ནི་ཀོ་ཨ་ན་མ་ཤ་སྦེན་ཡིས། ༧གོང་ས་ཏྰ་ལའི་བླ་མ་མཆོག་ལྷོ་ཨ་ཕེ་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུར་དེ་སྔོན་ཐོངས་མཆན་ཕུལ་མྱོང་ཡོད་ཀྱང༌། ༢༠༠༩ ལོར་མ་ཕུལ་བའི་གནད་དོན་ནི། ལྷོ་ཨ་ཕེ་རི་ཀའི་གཞུང་གི་འབྲེལ་ལམ་སྐྱོ་དྲག་པ་ལས་བྱུང་བ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།