བོད་ནང་གི་མཁས་དབང་སློབ་དཔོན་ཆེན་མོ་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དགུང་ལོ་གྱ་གསུམ་ཐོག་སྐུ་གཤེགས་འདུག

བོད་ཀྱི་མཁས་པ་ཆེན་མོ་དང་སྙན་ངག་མེ་ལོང་མའི་འགྲེལ་བ་ཚངས་སྲས་བཞད་པའི་སྒྲ་དབྱངས་རྩོམ་པ་པོ། ཀན་སུའུ་གཙོད་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་། མདོ་སྨད་ཀན་ལྷོ་གཙོད་དགེ་ལྡན་ཆོས་གླིང་དང་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གཉིས་ཀྱི་དགོན་བདག་སློབ་དཔོན་ཆེན་མོ་བསེ་ཚང་མཆོག་སྤྲུལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་༢༠༢༡ཕྱི་ཟླ་༩ཚེས་༢ཉིན་བོད་ནང་གི་སྔ་དྲོ་ཙམ་ལ་དགུང་གྲངས་༨༣་སྟེང་སྐུ་གཤེགས་ཡོད་པ་བོད་ནང་གི་འབྲེལ་ཡོད་ཤེས་ཡོན་མི་སྣ་ཞིག་གིས་འདི་ག་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། བོད་མི་མང་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་མཆོག་ནས་དམ་པ་ཁོང་ནི་བོད་ནང་ད་བར་ཤེས་ཡོན་སློབ་གསོའི་ཐོག་ལ་བྱས་རྗེས་འབུར་དུ་ཐོན་མཁན་དང་དུས་ཡུན་རིང་ཤོས། དེ་བཞིན་གྲུབ་འབྲས་མངོན་གསལ་ཡོད་པའི་བླ་མ་ཁྱད་པར་བ་ཞིག་ཡིན་སྐོར་གསུངས་གནང་བྱུང་།
དམ་པ་ཁོང་སྐུ་གཤེགས་པའི་གནས་ཚུལ་ཕྱི་ལ་ཁྱབ་རྗེས་བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པ་ཚོས་དྲ་ལམ་ཁག་ཏུ་ཕངས་སེམས་དང་གདུང་སེམས་ཀྱི་མྱ་ངན་ཤུགས་ཆེར་བྱེད་བཞིན་པའི་པར་རིས་དང་རྩོམ་ཡིག་སོགས་སྤེལ་བཞིན་ཡོད་པ་དང་། ཡང་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ལགས་ནས་དམ་པ་ཁོང་ལ་མཚོན་ན་མདོ་སྨད་ཁུལ་གྱི་དགོན་པ་མང་པོའི་བླ་ཆེན་ཡིན་པ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་གསུང་ལྟར་པེ་ཅིན་ནང་བསྟན་སློབ་གླིང་གི་དགེ་རྒན་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་བྱས་རྗེས་རླབས་ཆེན་བཞག་གནང་མཛད་ཡོད་པ་མ་ཟད། བོད་ཀྱི་མཐོ་རིམ་དཔོན་རིགས་དང་ཤེས་ཡོན་པ་སོགས་ཚང་མས་གཙུག་ཏུ་བཀུར་ཡུལ་གྱི་མཁས་པ་ཆེན་པོ་ཞིག་ཡིན་སྐོར་སོགས་གསུངས་བྱུང་།
བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནས་ད་བར་བོད་ཁུལ་དུ་ཤེས་ཡོན་གྱི་ཕྱག་ལས་རྒྱ་ཆེན་མཛད་ཡོད་པ་མ་ཟད། བོད་ཀྱི་དད་ལྡན་མང་ཚོགས་ཁྲི་ཚོ་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བཞི་གནང་ཡོད་པ་དང་། ཕྱི་ལོ་༢༠༡༣ལོར་མདོ་སྨད་ཐང་སྐོར་སོག་ཚང་དགོན་ཏུ་དུས་འཁོར་དབང་ཆེན་གནང་སྐབས་མི་གྲངས་འབུམ་གསུམ་ལྷག་འཛོམས་ཡོད་སྟབས། ཕྱི་ལོ་༢༠༡༤ལོར་མདོ་སྨད་གཙོད་དགོན་པར་དུས་འཁོར་དབང་ཆེན་གནང་སྐབས་རྒྱ་ནག་གཞུང་གིས་མི་མང་འདུ་འཛོམས་ཆེན་པོ་བྱེད་མི་ཆོག་པའི་ཚོད་འཛིན་སོགས་བྱས་ཡོད་པ་དང་། སྐབས་དེར་ཡང་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ཆོས་ཞུ་བ་འབུམ་གཅིག་ལྷག་འཛོམས་ཡོད་པ་དང་། རྒྱ་གཞུང་གིས་སྐབས་དེར་ཆོས་ཞུ་བའི་ཁྲོད་དམ་དྲག་ཆེན་པོ་བྱས་ཡོད་འདུག
དམ་པ་ཁོང་ཕྱི་ལོ་༡༩༥༡ལོར་དབུས་སུ་ཆིབས་ཁ་བསྒྱུར་ཏེ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་གཟིམ་ཆུང་མཇལ་ཁ་ཐོབ་ཅིང་། འབྲས་སྤུངས་ཚོགས་ཆེན་དུ་ཆོས་བཞུགས་གནང་སྟེ་ཚོགས་ཆེན་སྤྲུལ་སྐུའི་མཚན་བཏགས་བཞེས་གནང་ཡོད་པ་དང་། ཕྱི་ལོ་༡༩༥༣ལོར་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མདུན་ནས་དགའ་ལྡན་ལྷ་བརྒྱ་མ་དང་ཡོན་ཏན་གཞིར་གྱུར་མའི་ལྗགས་ལུང་གསན་གནང་སྟེ། ཕྱི་ལོ་༡༩༥༤ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕར་ཕྱིན་དམ་བཅའ་བཞག་གནང་མཛད་ཡོད་པ་དང་། ཕྱི་ལོ་༡༩༥༨ལོར་རྒྱ་ནག་གིས་བོད་ནང་དབང་སྒྱུར་དང་འབྲེལ་ཟི་ལིང་ཁུལ་གྱི་བཙོན་ཁང་ཞིག་ཏུ་ལོ་མང་རིང་བཅུག་ཡོད་པ་དང་། ཕྱི་ལོ་༡༩༦༢ལོའི་ཟླ་༩བར་བཙོན་གྲོལ་ཐོབ་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་གནང་ཡོད་ཀྱང་། ཕྱི་ལོ་༡༩༦༦ལོར་སླར་ཡང་རིག་གནས་གསར་བརྗེ་ཡི་ལས་འགུལ་རྐྱེན་གྱིས་བཙོན་དུ་ཚུད་པ་མ་ཟད། ཕྱི་ལོ་༡༩༦༨ལོར་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་མོ་གཡོགས་ནས་བླ་བྲང་བསང་ཆུའི་དགའ་ཕུག་སྡེ་གྲོང་དུ་ངལ་རྩོལ་བསྒྱུར་བཀོད་ལོ་༡༡བཀོལ་ཡོད་པ་དང་། ཕྱི་ལོ་༡༩༧༩ལོར་ཁོང་བཙོན་དུ་བཅུག་པ་དེ་དཀར་འདོན་བྱས་རྗེས་ཀན་ལྷོ་མི་རིགས་སློབ་གྲྭའི་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་༡༩༨༧ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་ལྟར་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གསར་འཛུགས་གྲ་སྒྲིག་ཚོགས་ཆུང་གི་གྲས་སུ་སློབ་དེབ་གསར་སྒྲིག་གི་འགན་འཁུར་ཡོད་འདུག
བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ནི་ཕྱི་ལོ་༡༩༣༨ལོའི་ཟླ་༡བོའི་ཚེས་༡༩ཉིན་མདོ་སྨད་རེབ་གོང་ཐེ་བུ་རུ་ཡབ་ཕུར་བ་ཚེ་རིང་དང་། ཡུམ་ལྷ་མོ་སྐྱིད་གཉིས་ལ་འཁྲུངས་ཤིང་། ཀུན་གཟིགས་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་བསེ་སྐུ་ཕྲེང་ལྔ་པ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད་དེ། དགུང་ལོ་བཞི་བར་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་གདན་སར་བཀོད་པ་དང་། དགུང་ལོ་བདུན་ནས་ཡོངས་ཀྱི་བཤེས་གཉེན་ཆེན་མོ་ཀུན་དགའ་དཔལ་བཟང་བོ་ཡོངས་འཛིན་དུ་བསྟེན་ཏེ་ཀློག་བྲིས་རིག་གནས་དང་བཅས་པ་བསླབ། སྐྱབས་མཆོག་ཨ་རོལ་རིན་པོ་ཆེ་ལས་དགེ་བསྙེན་དང་བར་མ་རབ་བྱུང་། དགེ་ཚུལ་རྣམས་དཀྱུས་གཅིག་ཏུ་བསྒྲུབས་ཏེ་དབང་ལུང་ཁྲིད་གསུམ་དང་མན་ངག་ཞལ་ལུང་ཐམས་ཅད་གསན་བསམ་གནང་ཡོད་པ་དང་། ཁོང་གིས་ད་བར་བརྩམས་ཆོས་ཚངས་སྲས་བཞད་པའི་སྒྲ་དབྱངས་དང་། དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན། སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར། དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། མགར་རྩེ་དགོན་པའི་གདན་རབས་དང་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག། རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད། གཏེར་ལུང་དགོན་པའི་བཅའ་ཡིག་སོགས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།