རྒྱ་ནག་གཞུང་གིས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབས་བཅུག་པར་བཞུགས་སྒར་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་གནང་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་མགོ་ལོག་ར་རྒྱར་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབས་བཅུག་པ་དང་། དེའི་སྔོན་རྔ་བ་ཀིརྟིའི་དགོན་པ་དང་སྟག་ཚང་ལྷ་མོ་ཀིརྟིའི་དགོན་པ། སྣང་ཞིག་དགོན་པ་དང་མཚན་སྒྲོག་དགོན་པ་སོགས་ཀྱི་གྲྭ་གཞོན་གྱི་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབས་བཅུག་པར་བརྟེན། རྒྱལ་སྤྱིའི་དྲང་སྙོམས་ཀྱི་ཉིན་མོར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བརྒྱད་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༧པའི་ཚེས་༡༧ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་ནང་གི་བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སོང་། སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབས་པ་ནི་རང་བཞིན་གྱིས་བློ་ཕམ་གྱི་གནས་ཚུལ་དང་། དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་ཤིག་ཡིན་པས། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ནང་གི་ཚོགས་གཙོ་པ་སངས་ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་བཙན་དབང་གི་སྒོ་ནས་བོད་ཀྱི་སློབ་ཕྲུག་རྣམས་རྒྱ་ནག་གི་སློབ་གྲྭའི་ནང་བཅུག་སྟེ། རྒྱ་ནག་རང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་ཡོང་བར། འཛམ་གླིང་གི་འབྲེལ་ཡོད་གཞུང་སྒེར་ཚོགས་པ་ཁག་ལ་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་གང་མགྱོགས་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་དང་། བོད་མིའི་ཆོས་དང་རིག་གཞུང་ཉམས་ལེན་གྱི་རང་དབང་དགོས་པའི་བརྡ་ལན་གནང་སོང་།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་སྒོ་བརྒྱབས་པ་དང་། དགོན་སྡེ་མང་པོར་འཇིགས་སྐུལ་བར་མེད་དུ་བྱེད་བཞིན་པ་སོགས་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཞི་བའི་ངོ་རྒོལ་ཡོད་པ་གསུངས་སོང་།
བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱས་པ་མ་ཟད། ཨ་མི་རི་ཀའི་སྲིད་འཛིན་མཆོག་ནས་མཚན་རྟགས་བཀོད་དེ་རྒྱལ་ཁབ་ཀྱི་ཁྲིམས་ཆགས་ཡོད་པ་དང་འབྲེལ་བའི་མཛད་སྒོ་ཞིག་འཚོགས་པའི་སྟེང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ར་རྒྱ་སློབ་གྲྭ་སྒོ་བརྒྱབས་པ་དང་འབྲེལ་བའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་པར། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་གཅིག་མཚུངས་སུ་གདུང་སེམས་མཉམ་བསྐྱེད་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
བོད་མདོ་སྨད་མགོ་ལོག་ར་རྒྱར་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་རྒྱ་ནག་གིས་དབང་ཡོད་ཀྱིས་སྒོ་བརྒྱབས་བཅུག་པར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་དེ། བཞུགས་སྒར་མེཀ་ལོར་ཁྲོམ་གཞུང་དུ་གནང་བར་བོད་མི་རྒན་དར་གཞོན་གསུམ་ཧ་ཅང་མང་པོ་ཞིག་དོ་གལ་ཆེན་པོས་འཛོམས་ཡོད་པ་དང་། ལས་འགུལ་འདི་ནི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་ཡོངས་མང་གཙོ་ཚོགས་པ། དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་ཆོལ་ཁ་གསུམ་བཅས་ཀྱི་ཚོགས་སྡེ་ཁག་བཅས་ནས་གོ་སྒྲིག་གནང་བ་ཡིན་འདུག
གོང་བརྗོད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་སྤྱི་ལོ་༡༩༩༤ལོའི་ཟླ་༨པར་མགོ་ལོག་ཁུལ་རྒྱ་ནག་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་དངོས་སུ་བཙུགས་ཤིང་། རྨ་ཆེན་རྫོང་གི་མངའ་ཁོངས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་འདྲེས་མཚམས། ཆོས་སྡེ་ཆེན་མོ་རྭ་རྒྱའི་དགོན་གྱི་ཉེ་འགྲམ་སྟེ། མཐོ་ཞིང་བརྗིད་པའི་ཨ་མྱེས་ཁྱུང་མགོན་ལྷུན་པོའི་འདབ་རོལ། རྨ་ཆུ་ལི་མའི་འགྲམ་དུ་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་གཅིག་པུ་ཡིན། སྤྱི་ལོ་༢༠༠༡ལོའི་ཟླ་༤ཚེས་༡༤ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་ཆེད་ལས་མཐོ་འབྲིང་དུ་བསྒྱུར་ཞིང་། སྤྱི་ལོ་༢༠༠༢ལོའི་ཟླ་༦ཚེས་༢༦ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ༢༠༠༣ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་དམངས་ཁྲོད་དོ་དམ་རྩ་འཛུགས་ཅུས་ཀྱིས་དམངས་ཕན་ལས་ཁུངས་སུ་བདམས། ༢༠༠༦ལོའི་ཟླ་༣ཚེས་༧ཉིན་རྒྱ་ནག་གི་ཆེད་ལས་སློབ་གསོ་སྡེ་ཁག་གིས་རྒྱ་ནག་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། ༢༠༠༧ལོའི་ཟླ་དང་བོར་རྒྱ་ནག་གི་སྙིང་རྗེ་ཚོགས་པས་རྒྱ་ནག་གི་སྙིང་རྗེའི་བྱ་བར་བྱས་རྗེས་འཇོག་མཁན་གྱི་བྱ་དགའི་རྟགས་མ་གནང་།
༢༠༠༥ལོའི་ཡིག་ཆ་ལྟར་ན། སློབ་གྲྭའི་ས་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་༣༣དང་དེའི་ཁྲོད་སློབ་གྲྭའི་ཁོར་ཡུག་གིས་རྨིད་གྲུ་བཞི་མ་༡༧༤༩༣༣བཟུང་ཡོད། ད་ལྟ་དབུས་གཙང་དང་། ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ནས་ཕེབས་པའི་དགེ་རྒན་ལས་ཐོགས་པ་མི་༢༨དང་སློབ་མ་༦༡༣དེའི་ཁྲོད་དམངས་གཞིའི་ཆུ་ཚད་སྡེ་ཁག་གི་སློབ་མ་༣༣༣དང་ཆེད་ལས་མཐོ་འབྲིང་སྡེ་ཁག་གི་སློབ་མ་༢༨༠ཡོད། སློབ་མ་འདི་དག་ནི་ཞིང་ཆེན་ནང་ཁུལ་གྱི་རྨ་ལྷོ་དང་། མཚོ་ལྷོ། མགོ་ལོག མཚོ་ནུབ། མཚོ་ བྱང་། དཔའ་ལུང་། ཕེན་ཨན། དཔའ་རེས། གྲོ་ཚང་། ཙོང་ཁ་སོགས་དང་། དེ་མིན་སི་ཁྲོན་དང་། ཀན་སུ། ལྷ་ས་སོགས་བོད་རིགས་རང་སྐྱོང་ཁུལ་དགུ་དང་ལྗོངས་གཉིས། རྫོང་༣༨གཞན་ནང་སོག་དང་ནང་ལོགས་བཅས་ནས་ཡོང་བ་ཤ་སྟག་ཡིན་འདུག
༢༠༢༡ལོའི་ཡིག་ཆ་ལྟར་ན། ཐོག་དང་བོར་སློབ་གྲྭ་དེར་གསར་ཞུགས་སློབ་མ་༨༦ཙམ་ནས་འགི་བཙུགས་ཡོད་པ་དང་། ཡོངས་ཁུངས་ཡང་གཙོ་བོ་མཚོ་སྔོན་ནང་ཁུལ་ཙམ་ཡིན། དེ་ནས་༢༠༢༡ལོ་ནས་སློབ་མ་༡༠༠༠ལྷག་ཡོད་ལ། ཡོངས་ཁུངས་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས། ནང་སོག ཞིན་ཅང་སོགས་ཡིན་ལ། མི་རིགས་བོད་རྒྱ་སོག་གསུམ་ཡིན་པ་དང་། གསར་ཞུགས་སློབ་མའི་གྲངས་འབོར་ལོ་རེ་རེ་བཞིན་ཕལ་ཆེར་ཡར་འཕར་ཏེ་ཇེ་མང་དུ་སོང་ཡོད།
དགེ་རྒན་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་། སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར་ཚང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་སོགས་དགེ་རྒན་དང་ལས་བཟོ་བ་༥༨ཡོད་འདུག།
སློབ་གླིང་འདི་ནི་ཆེད་ལས་ལས་རིགས་སློབ་གྲྭ་ཡིན་པའི་རྒྱུ་མཚན་གྱིས་འཛིན་གྲྭ་དགར་སྟངས་ཡིན་ན། བོད་ཡིག་ཆེད་སྦྱོང་འཛིན་གྲྭ། དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ། གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ། གསོ་རིག་ཆེད་སྦྱོང་འཛིན་གྲྭ། བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་༧དུ་ཕྱེས་ཡོད་པ་དང་། བསླབ་བྱ་ལ་ཆེད་སྦྱོང་སོ་སོར་འཚམས་པའི་ཚད་ལྡན་གྱི་བསླབ་དེབ་དང་ཁྲིད་བྱ་བཀོད་སྒྲིག་བྱས་ཡོད། ༢༠༢༡་བར་མཐར་ཕྱིན་སློབ་མ་༢༢༥༩བྱུང་ཡོད། དེ་དག་ཁྲོད་སློབ་ཆེན་སློབ་མ་༧༤༢་དང་། ཞིབ་འཇུག་སློབ་མ་༤༠། འབུམ་རམས་པ་༣། དགེ་རྒན་༢༤༢། སློབ་གཙོ༡༣། གཞུང་ཞབས་པ་༡༠༢། སྨན་པ་༨༣བཅས་བྱུང་ཡོད་འདུག
གསར་འགོད་པ། བློ་བྷེ། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།