ཁྱིམ་ཚང་དྲུག་གི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ།
2017.05.02

ཡོ་རོབ་མཉམ་འབྲེལ་གྱི་ལྟེ་གནས་སུ་བོད་མིའི་ཁྱིམ་ཚང་དྲུག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཐེངས་༦༧་པ་སྤེལ་བཞིན་འདུག
རྒྱ་ནག་གཞུང་གི་བཙན་གནོན་འོག་སྡུག་སྦྱོང་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་ཆེད། ཕྱི་ཟླ་ ༥ ཚེས་༢་ཉིན་སུད་ཛ་ལེན་ཌིའི་ནང་གནས་སྡོད་བོད་མིའི་ཁྱིམ་ཚང་དྲུག་གིས་ཡོ་རོབ་མཉམ་འབྲེལ་གྱི་ལྟེ་གནས་བྷེལ་ཇིའམ་གྱི་རྒྱལ་ས་ (Brussels) ནང་ལས་འགུལ་ཞིག་འགོ་འཛུགས་གནང་འདུག
དེ་ཡང་ཁྱིམ་ཚང་དྲུག་གིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཟེར་བ་དེ་ཕྱི་ལོ་ ༢༠༡༢ ལོར་འགོ་འཛུགས་གནང་སྟེ། འདི་ཚེས་༢་ཉིན་གྱི་ལས་འགུལ་འདི་བཞིན་ཐེངས་དྲུག་བཅུ་རེ་བདུན་པ་ཆགས་ཀྱི་ཡོད་པ་དང༌། ད་ཐེངས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འགོ་འཛུགས་ཀྱི་མཛད་སྒོའི་ཐོག ལས་འགུལ་ནང་ལས་འགུལ་གོ་སྒྲིག་པའི་ནང་མི་རྣམས་དང༌། ཨིསི་ཊོ་ནི་ཡའི་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (TunneKelam) ཁོང་གི་ཕྱག་རོགས་ལས་བྱེད། (Brussels) བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། ཁོང་གི་ཕྱག་རོགས་ལས་བྱེད། བྷེལ་ཇིའམ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་ཚེ་རིང་ལགས་བཅས་ཀྱི་མཉམ་ཞུགས་གནང་འདུག་ཅིང༌། སྐབས་དེར་ཁྱིམ་ཚང་དྲུག་གི་མགྲིན་ཚབ་པ་སྟག་ཚང་ཆོས་སྒྲོན་ལགས་ཀྱིས། བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་ཡ་ང་བའི་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས། བོད་མི་ཚོར་རང་གི་བསམ་ཚུལ་འདོན་རྒྱུ་དང༌། རྒྱ་ནག་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་འདོན་རྒྱུའི་ཐབས་ལམ་རྩ་བ་ནས་མེད་པའི་རྒྱུ་མཚན་གྱིས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༤༧ གྱིས་རང་ལུས་མེར་བསྲེགས་བཏང་བའི་ཁོངས་ནས་ ༡༢༦འདས་གྲོངས་སུ་གྱུར་བ་དེ་དག་དང་། དེ་བཞིན་རྒྱ་ནག་གི་བཙན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ཁོང་རྣམ་པའི་ལས་འགུལ་འདི་སྤེལ་བ་ཡིན་པའི་འགྲེལ་བརྗོད་གནང་འདུག དེ་ནས་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་མི་སྐུ་ཞབས་ (Tunne Kelam) དང༌། བྷེལ་ཇིའམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་གཉིས་ཀྱིས་ཀྱང་ལས་འགུལ་དེ་དང་འབྲེལ་བའི་གསུང་བཤད་གནང་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།