རྒྱ་གར་གྲོང་གསེབ་ཁུལ་དུ་ཉི་འོད་གློག་མཁོ་འདོན།
2009.10.23
༄༅༎རྒྱ་གར་གྱི་གྲོང་གསེབ་ས་ཁུལ་བརྒྱ་ལྷག་ནང་ཉི་འོད་ཀྱི་གློག་མཁོ་འདོན་བྱེད་ཐུབ་པ་བྱུང་སྟེ་གྲོང་གསེབ་ས་ཁུལ་དེ་དག་ནང་དུ་ད་ཆ་གློག་གི་དཀའ་ངལ་སེལ་ཡོད་པ་རེད།
དེ་ཡང་རྒྱ་གར་གྲོང་གསེབ་ས་ཁུལ་དུ་དེ་སྔ་ཡིན་ན་ས་སྣུམ་དང་རྡོ་སྣུམ་སོགས་ལ་བརྟེན་ནས་གློག་གི་ནུས་ཤུགས་མི་འདེངས་བའི་དཀའ་ངལ་ཡོད་ཀྱང་ད་ཆ་ཉི་འོད་ལ་བརྟེན་པའི་གློག་མཁོ་སྤྲོད་བྱེད་ཐུབ་པ་དེ་ཡིས་གྲོང་གསེབ་ས་ཁུལ་དེ་དག་ནང་དུ་ཕྱི་དྲོ་ཉིན་མ་ཞུད་པའི་རྗེས་སུ་དགོང་དྲོའི་ཟས་རིགས་བཟོ་རྒྱུ་དང་ཞིང་ལས་བྱེད་རྒྱུ། སློབ་སྦྱོང་བྱེད་རྒྱུ་སོགས་ལ་ཕན་ཐོགས་ཆེན་པོ་སྐྲུན་ཡོད་པ་རེད།
ཉི་འོད་གློག་བཞུ་དེ་ཉིན་རེར་གཡར་གླ་རྒྱ་གར་གྱི་སྒོར་མོ་གསུམ་ནས་དྲུག་བར་ཐོབ་ཀྱི་ཡོད་པ་དང་གློག་བཞུ་དེའི་ནང་གི་མེ་གསོག་འཇོག་བྱས་པ་ཡིན་ཚེ་ཧ་ལམ་ཚོུད་བརྒྱད་བར་ཐུབ་ཀྱི་ཡོད་པ་བརྟེན་གྲོང་གསེབ་མི་དམངས་ཚོར་གློག་མཁོ་འདོན་སྟབས་བདེ་རུ་བཏང་ཡོད་པ་རེད། ཉི་འོད་ཀྱི་གློག་བཞུའི་མཁོ་འདོན་གནང་མཁན་གྱི་ཚོགས་པས་གསུང་ན་ཉི་འོད་ཀྱི་གློག་བཞུ་དེ་ཡིས་ལོ་བཅུ་རིང་ལས་ཀ་བྱེད་ཐུབ་པའི་ནུས་པ་ཡོད་པ་དང་དེ་ཡིས་གྲོང་གསེབ་མི་དམངས་ཚོའི་ས་སྣུམ་སོགས་འགྲོ་གྲོན་སིལ་ཚགས་བྱེད་རྒྱུ་ཕན་ཐོགས་བྱུང་ཡོད་ལུགས་གསུངས་པ་དང་ད་དུང་རྒྱ་གར་གཞུང་ཕྱོགས་ནས་རྒྱ་གར་གྱི་གྲོང་གསེབ་སྐྱོ་བའི་ས་ཁུལ་ཁྲི་གཅིག་ལྷག་ནང་དུ་གློག་གི་ནུས་ཤུགས་མཁོ་འདོན་བྱེད་ཐུབ་ཀྱི་མེད་ཀྱང་ད་ཆ་ཉི་འོད་ཀྱི་གློག་ཞུ་མཁོ་འདོན་བྱེད་པའི་གསར་གཏོད་ཀྱི་བྱ་བཞག་དེ་ཡིས་རྒྱ་གར་གྱི་གྲོང་གསེབ་ས་ཁུལ་ནང་དུ་དཔལ་འབྱོར་གྱི་ཡོང་འབབ་དེ་ཙམ་མེད་པའི་ཁྱིམ་ཚང་ཚོའི་མི་ཚེར་འགྱུར་ལྡོག་འགྲོ་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།