སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཅར་རྒྱུ་གཙོས་ས་གནས་ཁག་གསུམ་དུ་འཚམས་གཟིགས་ཆེད་ཕེབས་ཐོན་གནང་ཡོད་པ།

2023.12.28
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཅར་རྒྱུ་གཙོས་ས་གནས་ཁག་གསུམ་དུ་འཚམས་གཟིགས་ཆེད་ཕེབས་ཐོན་གནང་ཡོད་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ ༢༠༢༣ ཟླ་ ༡༠ ཚེས་ ༡༩ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་འཇུག་ཁང་དུ་གླེང་མོལ་གྱི་བཅར་འདྲི་དྭང་ལེན་གནང་པའི་སྐབས།
Photo: RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ པའི་ཚེས་ ༢༥ ནས་ཚེས་ ༢༧ བར་ཉིན་གྲངས་གསུམ་རིང་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཐེ་ཝན་ཚོགས་གཉིས་ཆོས་ཚོགས་ཀྱི་ཚོགས་མི་གཙོ་བོར་གྱུར་བའི་མི་གྲངས་ ༡༥༠ ལྷག་ལ་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་བསྩལ་གནང་མཛད་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ ཚེས་ ༢༩ རེས་གཟའ་པ་སངས་ནས་ཚེས་ ༣༡ རེས་གཟའ་ཉི་མ་བར་ཉིན་གསུམ་རིང་ཆོས་ཞུ་བ་དད་ལྡན་མང་ཚོགས་ཁྲི་འཚོ་མང་པོ་འདུ་འཛོམས་བྱུང་ཡོད་པ་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གི་སྒོ་ནས་གསུང་ཆོས་བསྕལ་རྒྱུ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོའི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་དང་བསྟུན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༡༢ ཚེས་ ༢༨ ནས་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༦ བར་གནས་མཆོག་རྡོ་རྗེ་གདན་དང་། རྒྱ་གར་ལྷོ་ཕྱོགས་ Karnataka མངའ་སྡེའི་རྒྱལ་ས་ Bengaluru གཞན་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་ནང་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་ཞིང་། ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ཕྱི་ཟླ་ ༡ ཚེས་ ༡ བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཉིན་གསུམ་དང་བརྟན་བཞུགས་བཅས་སུ་ཆེད་བཅར་ཞུ་རྒྱུ་དང་། དེ་རྗེས་རྡོ་རྗེ་གདན་ནས་ཕྱི་ཟླ་ ༡ ཚེས་ ༢ ཉིན་རྒྱ་གར་གྱི་གྲོང་ཁྱེར་ Bengaluru ཕྱོགས་སུ་ཕེབས་ཐོན་གནང་སྟེ་ཁུལ་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཏུ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་བོད་པའི་མཁས་དབང་གི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་དབུ་ཞུགས་གནང་སྟེ། བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་ལམ་དུ་ཕྱི་ཟླ་ ༡ ཚེས་ ༥ ཉིན་རྒྱལ་ས་ལྡི་ལིར་གཞུང་འབྲེལ་གྱི་ལས་དོན་ཁག་ཅིག་གནང་རྒྱུ་ཡིན་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎