རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་འདི་ལོར་གནམ་གཤིས་ཇེ་དྲོ་དང་ཁ་བ་ཇེ་ཉུང་དུ་སོང་སྟེ། འཐུང་ཆུ་དང་ཞིང་ལས་ཀྱི་ཐོག་དཀའ་ངལ་ཤུགས་ཆེ་འཕྲད་ཉེན་ཡོང་གི་ཡོད་པ།

2024.01.16
རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་འདི་ལོར་གནམ་གཤིས་ཇེ་དྲོ་དང་ཁ་བ་ཇེ་ཉུང་དུ་སོང་སྟེ། འཐུང་ཆུ་དང་ཞིང་ལས་ཀྱི་ཐོག་དཀའ་ངལ་ཤུགས་ཆེ་འཕྲད་ཉེན་ཡོང་གི་ཡོད་པ། ལ་དྭགས་གར་འཁྱིལ་ཁུལ་གྱི་འདི་ལོའི་ཕྱི་ཟླ་དང་པོ་དང་སྔར་ལོའི་ཕྱི་ཟླ་དང་པོའི་བར་གྱི་གནམ་གཤིས་ཁྱད་པར།
Iftikhar

རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་སྤྱི་དང་ཁྱད་པར་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་དགུན་དུས་ཆར་པ་དང་ཁ་བ་འབབ་རྒྱུན་དེ། ནམ་རྒྱུན་ལས་བརྒྱ་ཆ་ ༧ ༠ནས་ ༨༥ བར་ཇེ་ཉུང་དུ་སོང་བ་མ་ཟད། ས་ཁུལ་ཕལ་ཆེ་བར་ནམ་རྒྱུན་དགུན་དུས་ཁ་བ་ཤུགས་ཆེ་འབབ་ས་ཁག་ཏུའང་འདི་ལོ་ཁ་བ་གཏན་ནས་མ་བབས་པ་སོགས། རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་འཐོན་བཞིན་པ་ལྟར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས། འདི་ལོ་ཧི་མ་ལ་ཡའི་ས་ཁུལ་སྤྱི་དང་ཁྱད་པར་ཧི་མ་ཅལ་མངའ་སྡེའི་ནང་ཆར་བ་བརྒྱ་ཆ་བཞི་བཅུ་འབབ་ཤུགས་ཇེ་ཉུང་དུ་ཕྱིན་ཡོད་པར་བརྟེན། ལོ་འདིར་ཧི་མ་ལ་ཡའི་ས་ཁུལ་དུ་ཞིང་ལས་ཀྱི་སྟོན་ཐོག་དང་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་ཉེན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས། ཁ་བ་མི་འབབ་པའི་རྒྱུ་རྐྱེན་ནི་སྤྱི་ཡོངས་ཀྱི་ཆ་ནས་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་དང་། གཉིས་ནས་སྐབས་དུས་སུ་ཆར་སྤྲིན་དང་རླུང་གི་འགྲོ་སྟངས་ Western Disturbances ཀྱིས་ཡིན་པར། གནམ་གཤིས་ཉམས་ཞིབ་པ་ཚོས་ངོས་འཛིན་ཚོད་དཔག་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་ལ་དྭགས་ས་ཁུལ་དུ་ནམ་རྒྱུན་བོད་ཟླ་བཅུ་གཉིས་པའི་ནང་ཁ་བ་ཤུགས་ཆེ་འབབ་ཀྱི་ཡོད་ནའང་། ད་ལོར་ཁ་བ་མི་འབབ་པའི་སེམས་ཁྲལ་ཆེན་ཡོད་པས་སྔ་མོ་ནས་དར་བའི་ལམ་སྲོལ་ལྟར་ཞབས་རིམ་བསྒྲུབ་ཀྱི་ཡོད་ཅེས། ལ་དྭགས་ཀྱི་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤི་ཏི་ས་གནས་སུའང་སྤྱི་ཟླ་དགུ་བ་དང་བཅུ་པ་ནས་ཁ་བ་ཤུགས་ཆེར་འབབ་བཞིན་ཡོད་ནའང་། ན་ནིང་ད་ལོ་ནས་ཁ་ཆར་དུས་སུ་མི་འབབ་པའི་དཀའ་ངལ་གྱིས། མི་ཕྱུགས་གཉིས་དང་རི་སྐྱེས་སྲོག་ཆགས་དང་བཅས་པར་དཀའ་ངལ་ཡོང་གི་ཡོད་པ་མ་ཟད། སྤྱིར་བཏང་དགུན་དུས་ཡུལ་ལུང་འདི་ཁ་བས་བཀླུབས་ཏེ་དཀར་པོར་གྱུར་འགྲོ་ཡི་ཡོད་མོད། འདི་ལོ་ཁ་བ་མེད་པར་གང་སར་སྐྱ་ཐེར་ཐེར་དུ་གྱུར་ཡོད་པ་སྤི་ཏི་ནས་གྲགས་པ་བསྟན་འཛིན་ལགས་ནས་ངོ་སྤྲོད་གནང་གི་འདུག

ཡང་འདི་ག་རླུང་འཕྲིན་ཁང་ནས་སིམ་ལར་རྟེན་གཞི་བྱས་པའི་གནམ་གཤིས་སྔོན་བརྡ་ལྷན་ཁང་གི་འགན་འཛིན་སུརེནྟྲ་པོལ་ལགས་སུ་རིང་མིན་ཁ་བ་འབབ་མིན་ཐད་དྲི་བ་བྱེད་སྐབས་ཁོང་གིས་འགྲེལ་བརྗོད་གནང་དོན་ལ། ཧི་མ་ལ་ཅལ་མངའ་སྡེའི་ནང་ད་ལྟའི་ཆར་སྤྱི་ཟླ་ ༡ ཚེས་ ༢༥ བར་ཁ་བ་མི་འབབ་པའི་གནམ་གཤིས་གནས་ཚུལ་ཐོན་ཡོད་པ་དང་། རིམ་པས་སྤྱི་ཚེས་ ༢༧ གྱི་རྗེས་ཁ་བ་ཅུང་ཟད་འབབ་སྲིད་པའི་སྔོན་དཔག་གནང་གི་ཡོད་པ་ངོ་སྤྲོད་གནང་གི་འདུག་ཅིང་། དེ་བཞིན་རྒྱ་གར་ཀ་ཤེ་མེར་ས་གནས་སུའང་ཁ་བ་མ་བབས་པའི་རྐྱེན་གྱིས་འཐུང་ཆུ་དང་ཞིང་ལས་ལ་དཀའ་ངལ་དང་། ཡུལ་སྐོར་པ་ཇེ་ཉུང་དུ་སོང་སྟེ་དགུན་དུས་གངས་དཀྱིལ་དུ་རྩེད་པའི་རྩེད་མོའི་རིགས་མངོན་གསལ་དོད་པོས་མེད་པར་གྱུར་པ་སོགས།ས་གནས་བོད་མི་ཧེ་རྡ་ཨབ་རྡོ་ལ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་འབྲས་ལྗོངས་མངའ་སྡེའི་ནང་དུའང་སྔོན་མ་དུས་ཚིགས་འདིར་ཁ་བ་བབས་ཏེ་ཡུལ་སྐོར་པ་མང་པོ་ཡོང་གི་ཡོད་ནའང་། འདི་ལོར་ད་བར་ཁ་བ་མ་བབས་པའི་འགྱུར་བ་མངོན་གསལ་ཅན་ཕྱིན་པ་དེས། དཔལ་འབྱོར་གྱི་ཡོང་འབབ་ཇེ་ཉུང་དུ་སོང་བ་དང་འཐུང་ཆུའི་དཀའ་ངལ་འབྱུང་ཉེན་ཡོད་པ་ངག་དབང་བློ་བཟང་ལགས་ནས་འགྲེལ་བརྗོད་གནང་གི་འདུག

ཨ་མི་རི་ཀའི་བྱང་ཀོ་ལེམ་སྦི་ཡ་སློབ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་དགེ་རྒན་ཆེན་མོ་ Dr. Joseph Shea  ལགས་ནས་ཀྱང་། ཧི་མ་ལ་ཡ་དང་ལྷག་པར་ཧི་མ་ཅལ་མངའ་སྡེའི་ནང་། དུས་རབས་རེ་ལ་གནམ་གཤིས་ཚ་ཚད་ ༣ ནས་ ༥ བར་ཇེ་མཐོར་སོང་ཡོད་པ་ནི། འཛམ་གླིང་སྤྱི་ལས་རྦད་དེ་ཚ་ཚད་འཕར་བ་མཐོ་ཤོས་སུ་གྱུར་པ་འགྲེལ་བརྗོད་གནང་གི་འདུག

ཧི་མ་ལ་ཡའི་རི་རྒྱུད་དུ་སྔ་ལོ་སྤྱི་ཟླ་ ༡༢ པའི་ནང་གནམ་གཤིས་ཧ་ཅང་སྐམ་པོ་བསྟན་ཏེ། རྒྱུན་ལྡན་གྱི་ཆར་པ་འབབ་ཚད་བརྒྱ་ཆ་ ༧༠ ནས་ ༨༠ ཇེ་ཉུང་དུ་སོང་བའི་རྐྱེན་གྱིས། གངས་ཞུད་རྩེ་སའི་ལྟེ་གནས་ཆེན་པོ་ Gulmarg Ski Resorts ལྟ་བུ་སྒོ་མ་ཕྱེས་པའི་གནས་ཚུལ་ཆེན་པོ་འཐོན་པའི་མུར། ཧི་མ་ལ་ཡའི་ས་ཁུལ་ནས་བཞུར་པའི་ཆུ་བོ་ཁག་བཞུ་བཞིན་པའི་གངས་རི་དང་འཁྱགས་རོམ་ཁག་ལ་བརྟེན་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ལ་དྭགས་གར་འཁྱིལ་གྱི་གློག་བརྙན་བཟོ་སྐྲུན་པ་ Iftikhar Hussain ལགས་ནས་ཀྱང་། འདི་ལོའི་སྤྱི་ཟླ་དང་པོ་ནི་སྔར་མཐོང་ཐོས་མ་མྱོང་བའི་དྲོད་ཚད་མཐོ་བོ་སྟེ། ནམ་རྒྱུན་སྤྱི་ཟླ་དང་པོའི་ནང་རི་ལུང་འཁྱགས་པས་བསྡམས་ནས་རྩི་ཤིང་ཐམས་ཅད་སྐམ་བསྡད་ཡོད་ནའང་། འདི་ལོའི་སྤྱི་ཟླ་དང་པོ་ནི་སྤྱི་ཟླ་གསུམ་པ་ལྟར་དྲོན་པོ་དང་སྔོ་དང་རྩི་ཤིང་མེ་ཏོག་རིགས་སྐྱེས་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་དང་པ་ཀི་སི་ཏན། བལ་ཡུལ་དང་འབྲུག བོད་སོགས་ཀྱི་ས་ཁུལ་དུ་ཁྱབ་པའི་ཧི་མ་ལ་ཡའི་རི་རྒྱུད་ནི། གནའ་སྔ་མོ་ནས་ཁ་བ་ཤུགས་ཆེར་བབས་ཏེ་དབྱར་དགུན་མེད་པར་ཁ་བས་བཀླུབས་པའི་གངས་རི་ཧ་ཅང་མང་བའི་རི་རྒྱུད་ཅིག་ཡིན་པར་བརྟེན། ཧི་མ་ལ་ཡ་ནི་ལེགས་སྦྱར་གྱི་སྐད་དུ་མདོ་ལུང་མང་པོར་གསལ་བའི་གངས་ཅན་དང་རི་ཁ་བ་ཅན་ཟེར་བའི་དོན་ཡིན་པ་སོགས། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དུ་འཁོད་ཡོད་ཅིང་། ཚན་རིག་པ་ཚོས་ཉམས་ཞིབ་ཀྱི་གྲུབ་དོན་དུ། འདས་པའི་ལོ་ཤས་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་ནམ་རྒྱུན་ལས་དབྱར་ཁ་ཆར་པ་ཤུགས་ཆེ་འབབ་པ་དང་། དགུན་དུས་ཁ་བ་རྒྱུན་ལྡན་ལྟར་མི་འབབ་པ་དང་ཚ་དྲོད་ཇེ་ཆེར་སོང་བ་སོགས་ཀྱིས། ཧི་མ་ལ་ཡའི་གངས་རི་ཕལ་ཆེར་བྲག་རི་ལ་འགྱུར་བ་དང་ས་རུད་དང་རྡོ་ཉིལ་བ། ཆུ་ལོག་དང་ཆར་ལོག་བཅས་རང་བྱུང་གི་འཇིག་པ་ཇེ་ཆེེར་འགྲོ་ཡི་འདུག་ཅེས་གསལ་སྟོན་གནང་གི་ཡོད་པ་རེད།  

གསར་འགོད་པ། བློ་བྷེ། བསྟན་འཛིན་པདྨ།

རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།

དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎