ཉི་ཧོང་དང་རྒྱ་ནག་ལྷོ་ཀོ་རི་ཡ་བཅས་ཀྱི་ཆེས་མཐོའི་ལྷན་ཚོགས།
2008.12.13
༄༅༎ཉི་ཧོང་དང་རྒྱ་ནག་ལྷོ་ཀོ་རི་ཡ་བཅས་ཀྱི་ཡུལ་གྲུའི་དབུ་འཁྲིད་ཀྱི་ཆེས་མཐོའི་ལྷན་ཚོགས་དེ་ཉི་ཧོང་དུ་ཚུགས་བཞིན་ཡོད་པ་དང་གཟའ་སྤེན་པའི་ཉིན་ཡུལ་གྲུ་གསུམ་པོའི་དབུ་འཁྲིད་ཚོས་ཨེ་ཤི་ཡ་ནི་གོ་ལའི་དཔལ་འབྱོར་ཐོག་གོད་ཆགས་ཚབས་ཆེ་བྱུང་བཞིན་པ་འགོག་ཐབས་སུ་དཔལ་འབྱོར་རྒྱ་སྐྱེད་བྱ་མཁན་གྱི་འཕྲུལ་ལས་ཨ་མ་དེ་ཆགས་དགོས་པ་བརྗོད་ཅིང་ཡང་ཉི་ཧོང་དང་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་ལས་འཆར་ཁག་མེད་པ་བཟོ་རྒྱུའི་ལས་དོན་ལག་ལེན་འཁེལ་རྒྱུར་ཀར་ཀོར་བྱེད་བཞིན་པར་སྐྱོན་བརྗོད་ཀྱང་གནང་འདུག
ཉི་ཧོང་དང་རྒྱ་ནག་ལྷོ་ཀོ་རི་ཡ་ཡུལ་གྲུ་གསུམ་གྱི་དབུ་འཁྲིད་ཀྱི་ཆེས་མཐོའི་ལྷན་ཚོགས་འདི་ལྟ་བུ་ད་བར་གནང་མྱོང་མེད་ཅིང་ཡུལ་གྲུ་འདི་གསུམ་གྱི་དཔལ་འབྱོར་རྒྱ་ཁྱོན་ནི་ཤར་ཨེ་ཤི་ཡའི་དཔལ་འབྱོར་ནུས་པའི་རྩ་འབོར་གྱི་བརྒྱ་ཆ་བདུན་བཅུ་དོན་ལྔ་ཙམ་ཟིན་གྱི་ཡོད་པ་རེད།
ཉི་ཧོང་གི་སྲིད་བློན་ཏ་རོ་ཨ་སོ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མང་སྦཀ་རྒྱ་ནག་གི་སྲིད་བློན་ལྦེན་ཅའ་བའོ་བཅས་ཀྱི་ཆེས་མཐོའི་ལྷན་ཚོགས་འདིའི་གྲོས་གཞི་གཙོ་བོ་གོ་ལའི་དཔལ་འབྱོར་གྱི་གནས་སྟངས་སྐོར་དེ་ཡིན་ཞིང་རྒྱ་ནག་གི་སྲིད་བློན་གྱིས་དཔལ་འབྱོར་གྱི་དཀའ་རྙོག་མུ་མཐུད་རྒྱ་ཁྱབ་དུ་འགྲོ་བཞིན་ཡོད་པ་དང་ང་ཚོ་ནི་ཨེ་ཤི་ཡ་དང་འཛམ་གླིང་གི་དཔལ་འབྱོར་གནས་བབས་ཐད་ཤུགས་རྐྱེན་བཟོ་ཐུབ་མཁན་གྲས་ཡིན་སྟབས་དུས་རབས་འདིའི་ནང་གི་ཛ་དྲག་གི་གནས་བབས་དེར་ངེས་པར་གདོང་ལེན་བྱེད་ཐུབ་པ་དགོས་ཀྱི་རེད་ཅེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་འདུག
ཡུལ་གྲུ་གསུམ་པོའི་དབུ་འཁྲིད་རྣམ་པས་བཟུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ཨེ་ཤི་ཡ་ནི་འཛམ་གླིང་གི་དཔལ་འབྱོར་མུ་མཐུད་ཉམས་ཆགས་མི་འབྱུང་ཆེད་དཔལ་འབྱོར་རྒྱ་སྐྱེད་ཀྱི་བརྟེན་གཞི་གཙོ་བོ་དེ་ཡིན་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་ཡུལ་གྲུ་དེ་དག་གི་ནང་མ་རྩ་འཛུག་རྒྱུ་དང་ཚོང་ལས་སྤེལ་རྒྱུར་འགོག་རྐྱེན་མི་ཡོང་ཆེད་འབྱུང་རྒྱུར་གྱི་ཟླ་བ་བཅུ་གཉིས་རིང་ཚོང་ལས་དཔྱ་ཁྲལ་སྤོར་ཆ་བྱ་རྒྱུ་ལ་སོགས་པའི་ལས་དོན་གང་ཡང་སྤེལ་རྒྱུ་མིན་པའི་གསལ་བསྒྲགས་གནང་འདུག