གཞོན་ལྷན་ཨོ་རྩལ་འགྲན་ཚོགས་ངོ་རྒོལ་ལས་འགུལ་བ་དྲུག་འཇུ་བཟུང་བྱས་ཡོད་འདུག

2022.02.04
གཞོན་ལྷན་ཨོ་རྩལ་འགྲན་ཚོགས་ངོ་རྒོལ་ལས་འགུལ་བ་དྲུག་འཇུ་བཟུང་བྱས་ཡོད་འདུག ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ལས་འགུལ་སྤེལ་བར། བོད་མི་དྲུག་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་ཅ་ན་ཀེའི་པུ་རིའི་བཀག་ཉར་ཁང་དུ་ཁྲིད་ཡོད་པ་རེད།
Photo: RFA

དེ་རིང་སྤྱི་ལོ་༢༠༢༢ ཟླ་༢ ཚེས་༤ཉིན་པེ་ཅིང་དུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་འཛུགས་ཀྱི་ཡོད་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་མི་མང་བརྒྱ་ལྷག་ཙམ་གྱིས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་འོས་བབས་མེད་ཅེས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ལས་འགུལ་སྤེལ་བར། ངོ་རྒོལ་ལས་འགུལ་བ་དྲུག་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་ཅ་ན་ཀེའི་པུ་རིའི་བཀག་ཉར་ཁང་དུ་ཁྲིད་ཡོད་པ་རེད།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཐག་གཅོད་ལ་ང་ཚོས་ངོས་ནས་མོས་མཐུན་རྩ་བ་ནས་མེད་པ་མ་ཟད། ལྷག་པར་དུ་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་བསྡུར་ཚོགས་པར་ལོ་རྒྱུས་ཐོག་ནག་ཉེས་ཆེན་པོ་ཞིག་ཆགས་ཡོད་ཅེས་དང་། ད་དུང་རྒྱལ་སྤྱིའི་ངོས་ནས་བོད་གཙོ་བོར་གྱུར་པའི་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་མི་མང་ཚོའི་མངོན་འདོད་དང་དགོས་འདུན་ལ་བདག་པོ་རྒྱབ་སྟེ་བདག་གཅེས་གནང་རྒྱུ་འགན་འཁྲི་ཆགས་ཡོད་པ་དགོས་འདུན་འདོན་གྱི་ཡོད་ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་སོགས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་གཞི་རྩའི་ལྟ་གྲུབ་དང་ཡོངས་སུ་འགལ་གྱི་ཡོད་སྟབས། པེ་ཅིང་དུ་དགུན་ཁའི་ཨོ་རྩལ་འགྲན་བསྡུར་བྱེད་པར་འོས་བབ་གཏན་ནས་མེད་ཅེས་ངོ་རྒོལ་ལས་འགུལ་འདི་སྤེལ་གྱི་ཡོད་ཅེས་གསུངས་སོང་།
གཞན་ཡང་དེ་རིང་གི་ལས་འགུལ་དང་འབྲེལ་ནས། གཞོན་ལྷན་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་གཏོར་སྐྱོན་དང་། དེ་བཞིན་ཉེས་མེད་བོད་མི་མང་པོ་ཞིག་བསད་རྡུང་འཕྲོག་གསུམ་སོགས་བྱས་ཏེ་མདོར་ན་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་ད་བར་བོད་མི་རྣམས་ལ་སྐྱིད་པའི་ཉི་མ་རྩ་བ་ནས་ཤར་མྱོང་མེད་ཅེས་དང་། བོད་གཙོ་བོར་གྱུར་པའི་ཧོང་ཀོང་སོགས་ལ་གཅིག་མཚུངས་ཀྱིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་བརྟེན། བྱས་ཉེས་འདི་དག་ལ་བརྟེན་ནས་པེ་ཅིང་དུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་འོས་བབས་རྩ་བ་ནས་མེད་ཅེས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་དང་། ཞི་བདེ་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་ཁག་གིས་ཨོ་རྩལ་འགྲན་བསྡུར་ཐོག་གཞུང་འབྲེལ་སྐུ་ཚབ་མ་བཏང་བར་ཐུགས་རྗེ་ཆེ་ཞེས་དང་། འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ཚོས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་རྒྱབ་སྐྱོར་གྱིས་ཟུངས་ཁྲག་གིས་ཚོས་པའི་རྟགས་མ་དེ་དག་མི་ལེན་རྒྱུར་དྲན་སྐུལ་ཞུ་རྒྱུ་མ་ཟད། ཇི་སྲིད་བོད་རང་བཙན་མ་ཐོབ་ཀྱི་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་རྒྱུར་དམ་བཅའ་བརྟན་སྲུང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཐེངས་འདིའི་ལས་འགུལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ས་གནས་གཞོན་ནུ། དེ་བཞིན་མི་མང་བཅས་ཁྱོན་ལས་འགུལ་བ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་པ་རེད། ཉིན་མོ་འདི་དང་བསྟུན་རྒྱ་གར་རྒྱལ་ཡོངས་བོད་པའི་གནས་ཡུལ་ས་གནས་ཁག་ཚང་མའི་ནང་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། བློ་བཟང།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎