ཨ་མཆོག་ཕུལ་བྱུང་ལགས་མི་ལོ་བཞིའི་རྗེས་བཙོན་གྲོལ་བྱུང་འདུག
2017.02.02
ལ་རྒྱའི་གླུ་བླངས་བར་བརྟེན་འཇུ་བཟུང་བྱས་པ་ཨ་མཆོག་ཕུལ་བྱུང་ལགས་བཙོན་དུས་གཙང་ནས་མེན་ཡཱང་བཙོན་ཁང་ནས་གློད་གྲོལ་བྱུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་སྤྱི་ལོ་༢༠༡༢་ལོར་༼ཁུར་གྱིས་ནོན་པའི་ང་ཚོ༽་ཞེས་ལ་རྒྱའི་རྡུང་ལེན་བླངས་ནས་འོད་སྡེར་བཏོན་པའི་རྗེས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བཙོན་འཇུག་བྱས་པ། ཨ་མཆོག་ཕུལ་བྱུང་ལགས་ཀྱི་བཙོན་འཇུག་དུས་ཡུན་གཙང་ནས་སྤྱི་ལོ་༢༠༡༧་ཟླ་༢་ཚེས་༢་ཉིན་གྱི་སྔ་དྲོར་ཟི་ཁྲོན་མེན་ཡཱང་བཙོན་ཁང་ནས་བཙོན་གྲོལ་བྱུང་འདུག
ས་གནས་བོད་མི་ཞིག་གིས། ཁོང་བཙོན་དུས་གཙང་ནས་བཙོན་གྲོལ་གཏོང་རྒྱུ་ཡིན་པ་ཉིན་ཤས་གོང་ནས་ནང་མིར་བརྡ་ལན་སྤྲད་ཡོད་ཀྱང་། སྐབས་དེར་བཙོན་ཁང་གི་མདུན་མི་མང་པོ་ཕེབས་བསུ་སོགས་ལ་བཅར་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པར་བརྟེན་དགོང་དྲོར་ཁོང་ཕ་ཡུལ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོར་འབྱོར་བ་དང་ཕེབས་བསུའི་སྟོན་མོ་བྱས་པ་ཡིན། མི་མང་པོ་འཛོམས་འདུག་ཅེས་ངོ་སྤྲོད་གནང་བྱུང་།
ཁོང་གིས་སྤྱི་ལོ་༢༠༡༢་ལོར་ཆེད་སྒྲིག་འོད་སྡེར་ལྔ་པ་༼ཁུར་གྱིས་ནོན་པའི་ང་ཚོ་༽ཞེས་བ་འགྲེམས་སྤེལ་གནང་རྗེས། རྒྱ་ནག་གིས་འཛིན་བཟུང་བཀའ་རྒྱ་བཏང་པ་དང་ཁོང་ཕ་ཡུལ་ནས་ཉེན་ཡོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་། ༢༠༡༢་ལོའི་སྤྱི་ཟླ་༨་ཚེས་༣་ཉིན་གྱི་དགོང་མོར། རྔ་བ་ཁུལ་འབར་ཁམས་རྫོང་གི་ཇ་ཁང་ཞིག་ནས་གློ་བུར་དུ་འཛིན་བཟུང་རྗེས་དུས་ཡུན་གང་མཚམས་རིང་གསང་སྟབས་ཀྱིས་བཀག་ཉར་བྱས་ཡོད་ལ་རྗེས་སུ་ཁྲིམས་ཐག་བཅད་དེ་མེན་ཡཱང་བཙོན་ཁང་དུ་བཅུག་པ་རེད།
གཞས་པ་ཨ་མཆོག་ཕུལ་བྱུང་ལགས་ནི་རྔ་བ་ཁུལ་དམར་ཐང་ངམ་ཁྱུང་ཆུ་རྫོང་ཨ་མཆོག་སྡེ་བ་ནས་ཡིན་ལ། སྔོན་ཆད་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་བ་མ་ཟད། ཆུང་དུས་ནས་ཁོ་བོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་བོད་ནང་དུ་ཁྱབ་ཞིང་། སྔ་གཞུག་ཏུ་ཁོ་བོས་ཆེད་སྒྲིག་བརྙན་འཁོར་ལྔ་ལྷག་འགྲེམས་སྤེལ་བྱས་པར་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཁོ་བོས་རྒྱ་གཞུང་གི་བཙན་གནོན་སྡུག་སྦྱོང་ལ་མ་འཛེམས་པར་ལ་རྒྱའི་གླུ་དབྱངས་མང་དུ་བླངས་པར་བརྟེན་༼ལ་རྒྱའི་གླུ་བ༽ཞེས་འབོད་མཁན་ཡང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ། ཞུ་དག་པ་སྐལྡན་བློ་གྲོས།