སྲིད་སྐྱོང་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་དང་མཇལ་མོལ།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་གིས་གཞུང་འབྲེལ་གྱི་མགྲོན་ཤོག་བཏང་བ་ལྟར། གཞུང་འབྲེལ་ཕྱོགས་བསྐྱོད་ཆེད་འདི་ཚེས་༢༤ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་འབྱོར་ཡོད་པ་དང་། འདི་ཚེས་༢༥་ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་རྣམ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་མཇལ་མོལ་གནང་འདུག
མཇལ་མོལ་རྗེས་སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། ད་རེས་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་ཐབས་ཇུས་གསར་བ་ག་རེ་བྱེད་དགོས་མིན་དང་། མ་འོངས་ལས་དོན་བྱེད་ཕྱོགས་སོགས་ཀྱི་གཙོས་གནད་དོན་ཁག་ཅིག་གི་ཐོག་བཀའ་མོལ་ཡག་ཐག་ཆོད་བྱུང་བ་གསུངས་བྱུང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་རྣམ་གཉིས་དངོས་སུ་མཇལ་འཕྲད་གནང་བ་ཐོག་མ་ཡིན་པ་རེད།
མཇལ་འཕྲད་སྐབས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ལྷན་བཅར་ཞུས་ནས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་གནས་སྟངས་ངོ་སྤྲོད་དང་མཉམ། སྤྱི་ནོར་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་སྒོ་ཀུན་ནས་རྒྱབ་སྐྱོར་ཤུགས་ཆེ་ཙམ་གནང་རྒྱུའི་འབོད་སྐུལ་དང་། དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་པཎ་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་ནས་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་གཟིགས་ཞིབ་གནང་ནས་སྐུ་ཉིད་སྐུ་འཁོར་དང་བཅས་བར་རང་དབང་ཡོང་ཐབས་གནང་དགོས་བའི་འབོད་སྐུལ་ཞུས་གནང་ཡོད་པ་བརྗོད་བྱུང་།
གསར་འགོད་པ། ཀླུ་འབུམ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།