གཉིས་ཕན་དབུ་མ་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་འདུག
2017.02.13
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཉི་ཧོང་ལ་དབུ་མའི་ལམ་གྱི་ཐབས་ལམ་སྐོར་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག
དེ་ཡང་ཉི་ཧོང་བོད་ཀྱི་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། སྤྱི་ཚེས་༡༢་ཉིན་རྒྱལ་ས་Tokyo་དུ་བོད་ཀྱི་གནད་དོན་སེལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་རྩོམ་པ་པོ་དང་། གསར་འགོད་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་༣༠༠་ལྷག་འདུ་འཛོམས་བྱས་པའི་ཐོག་གཏམ་བཤད་སྤེལ་པའི་ནང་། སྲིད་སྐྱོང་མཆོག་གིས་ཉི་ཧོང་གཞུང་ལ་བོད་མིའི་དབུ་མའི་ལམ་གྱི་ཐམས་ལམ་དེ་བཞིན་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་བསྐྲུན་ཐབས་དང་། རྒྱ་ནག་གི་བདག་དབང་སྐོར་ལ་འགལ་ཟླ་ཆགས་གཞི་མེད་པ་མ་ཟད། བོད་རྒྱ་ཕན་ཚུན་གཉིས་ཀར་དོན་ཕན་ལྡན་པའི་ཐབས་ལམ་ཞིག་ཡིན་སྟབས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག ཡང་སྲིད་སྐྱོང་མཆོག་གིས་ང་ཚོ་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་ལ་རང་སྲིད་རང་སྐྱོང་བསྐྲུན་ཐབས་བྱེད་བཞིན་ཡོད་སྟབས་དེར་རྒྱ་ནག་གཞུང་གིས་མིན་ཞེས་བརྗོད་རྒྱུ་མེད། ཨ་རིའི་སྲིད་འཛིན་ཟུར་པ་Obama༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་སྐབས་ཁོང་གིས་དབུ་མའི་ལམ་གྱི་ཐབས་ལམ་དེ་བཞིན་རྒྱ་ནག་གི་བདག་དབང་དང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་འགལ་ཟླ་ཆགས་མེད་སྟབས་རྒྱབ་སྐྱོར་མུ་མཐུད་ཤུགས་ཆེ་གནང་རྒྱུ་ཡིན་ཞེས་བརྗོད་ཡོད། ཁྱོད་རང་ཚོའི་རྒྱབ་སྐྱོར་དེ་ནི་བོད་མི་ས་ཡ་དྲུག་ལ་མ་ཡིན་པ། བོད་ཀྱི་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཁོར་ཡུག་ལ་རྒྱབ་སྐྱོར་ཞིག་རེད་ཅེས་བརྗོད་འདུག
དེ་ནས་ཉི་ཧོང་Kyodo་གསར་ཁང་གི་བཅར་འདྲི་ཐོག་ཏུ་ཡང་སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་Trump གྱིས་ཨ་རིའི་སྲིད་འཛིན་ཚོའི་དེ་སྔོན་གྱི་ལུགས་སྲོལ་ལྟར་མུ་མཐུད་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་དང་། བོད་མིའི་དབུ་མའི་ལམ་གྱི་ཐབས་ལམ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་པའི་རེ་བ་ཡོད་ཅེས་བརྗོད་འདུག
ཡང་སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་རྒྱ་ནག་ཤེས་རྟོགས་ཐུབ་དགོས་ན། ངེས་པར་དུ་བོད་ཤེས་རྟོགས་ཐུབ་དགོས་ལུགས་དང་། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུལ་གྱི་གལ་ཆེའི་སྐོར་ལ་གླེང་སློང་གནང་འདུག་པ་མ་ཟད། སྲིད་སྐྱོང་མཆོག་གིས། བོད་ཀྱི་གནད་དོན་ནི། གཙོ་བོ་རྒྱ་ནག་གཞུང་གི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་ཐུག་ཡོད་ཅེས་གསུངས་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།