བོད་མིའི་སྒྲིག་འཛུགས་ཚགས་ཚུད་ངང་གནས་ཡོད་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཁོ་ནར་བརྟེན་ནས་ཡིན་ཞེས། སྲིད་སྐྱོང་མཆོག་གིས་སིམ་ལར་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གསུངས་པ།

2025.04.18
བོད་མིའི་སྒྲིག་འཛུགས་ཚགས་ཚུད་ངང་གནས་ཡོད་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཁོ་ནར་བརྟེན་ནས་ཡིན་ཞེས། སྲིད་སྐྱོང་མཆོག་གིས་སིམ་ལར་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གསུངས་པ། སྲིད་སྐྱོང་མཆོག་གིས་སིམ་ལར་མང་ཚོགས་གསུང་བཤད་སྐབས། ༢༠༢༥།༠༤།༡༨ ཉིན།
Photo: RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཟླ་ ༤ ཚེས་ ༡༦ ཉིན་ནས་འགོ་འཛུགས་ཀྱིས། རྒྱ་གར་ཧི་མ་ཅཱལ་རྒྱལ་ས་སིམ་ལའི་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༡༨ རེས་གཟའ་པ་སངས་ཉིན་སིམ་ལ་ས་གནས་མི་མང་དང་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཀྱི་དགེ་སློབ་རྣམས་ཐུག་འཕྲད་ཀྱིས། ད་ལྟའི་བོད་མིའི་སྒྲིག་འཛུགས་ཚགས་ཚུད་ངང་གནས་ཡོད་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན་སྐོར་གསལ་སྟོན་དང་འབྲེལ། འདི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་གིས་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་ཝིན་དར་སིངྒ་སུཀ་ཀུ་དང་ཧི་མ་ཅཱལ་སྤྱི་ཁྱབ་དྲུང་ཆེ་པྲ་བྷོཌ་སག་སེ་ན་རྣམ་གཉིས་དང་ཐུག་འཕྲད་སྐབས། ཁོང་གཉིས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པའི་སྐོར་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ། སིམ་ལ་སྤྱི་ཁྱབ་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཟླ་ ༤ ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་ཝིན་དར་སིངྒ་སུཀ་ཀུ་ (Thakur Sukhvinder Singh Sukhu) ལགས་དང་ཐུག་འཕྲད་གནང་སྐབས། སྲིད་སྐྱོང་མཆོག་གིས་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་བའི་ལོ་འཁོར་མོའི་མཛད་འཆར་རྣམས་ངོ་སྤྲོད་དང་སྦྲགས། གོ་སྟོན་གྱི་གཞུང་འབྲེལ་སྲུང་བརྩིའི་མཛད་སྒོའི་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་མགྲོན་འབོད་ཞུས་པར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གལ་ཏེ་༸སྐུའི་གོ་སྟོན་གྱི་གཞུང་འབྲེལ་མཛད་སྒོར་ལྷན་བཞུགས་མི་ཐུབ་ཚེ། བཀའ་ཤག་གི་༸སྐུའི་གོ་སྟོན་དང་འབྲེལ་བའི་ལོ་འཁོར་མོའི་ལས་རིམ་འགའི་ནང་མཉམ་བཞུགས་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག་ལ། གཞན་ཡང་སྲིད་སྐྱོང་མཆོག་གིས། སིམ་ལར་གནས་སྡོད་བོད་མི་རྣམས་ཀྱི་འཚོ་བའི་གནས་སྟངས་དང་འབྲེལ་བའི་དཀའ་ངལ་ཁག་གཅིག་གི་སྐོར་སྙན་གསེང་ཞུས་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་སིམ་ལ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་དེ་བཞིན་དེ་རིང་མཇུག་སྒྲིལ་གྱིས། འདི་ཚེས་ ༡༩ དང་ ༢༠ བཅས་སུ་ཀུམ་རའོ་དང་ས་ཊོན་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གྲུབ་རྗེས། འདི་ཚེས་ ༢༡ ནས་ ༢༤ བཅས་ཉིན་གྲངས་བཞིའི་རིང་རྒྱ་གར་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འཆར་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎