སྲིད་སྐྱོང་མཆོག་གིས་བོད་ལྗོངས་འཕེལ་རྒྱས་ཞེས་བར་དགག་ལན།
2016.07.18
སྲིད་སྐྱོང་མཆོག་གིས་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་བདེན་པ་མིན་པའི་དྲིལ་བསྒྲགས་ལ་ཁས་ལེན་མེད་གསུངས་བ།
རྒྱ་གར་གྱི་ཉིན་རེའི་གསར་ཤོག་ANI་ཡིས་ཟླ་བ་འདིའི་ཚེས་༡༧་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་ཁབ་འདྲ་མིན་༢༠་ཙམ་དང་། སྐུ་ཚབ་ ༡༢༠ཙམ། དེ་བཞིན་གསར་འགོད་པ་སོགས་མགྲོན་འབོད་བྱས་ཐོག་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་ཉི་མ་གཉིས་རིང་གོ་བསྒྲིགས་ཞུས་པའི་སྐབས། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་དང་གཏོང་རྒྱུའི་ལས་འཆར་ལག་ལེན་བསྟར་དང་བསྟར་མུས་ཡིན་པའི་སྐོར་དྲིལ་བསྒྲགས་སྤེལ་བཞིན་པ་ཡིན་ནའང་དེ་ནི་བདེན་པ་མིན་ཙང་ཁས་ལེན་བྱེད་ཐབས་མེད་པ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགག་ལན་བཀྱོན་གནང་ཡོད་འདུག
གནས་ཚུལ་ནང་། ང་ཚོས་རྒྱུན་དུ་ནས་རྒྱལ་སྤྱིའི་ཐོག་བརྗོད་བཞིན་པ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་དེ་ཙམ་བཏང་མེད་ལ་། རྒྱ་ནག་གི་སྲིད་བྱུས་ནི་རྒྱལ་གཅེས་རང་བཞིན་ཅན་དང་། རྒྱ་ནག་རང་ཉིད་ཀྱི་འདོད་ཕྱོགས་ཁོ་ན་གཙོ་བཟུང་འཛིན་མཁན་ཞིག་རེད། རྒྱ་ནག་ཁྱོན་ཡོངས་ནང་ལའང་རྒྱ་ནག་གི་ལངས་ཕྱོགས་ཆེས་ངར་ཐལ་ཅན་ཞིག་རེད་ལ་བོད་ནང་གི་གནས་སྟངས་ཐད་ལའང་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ཡོད་མ་རེད་ཅེས་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་བོད་རྒྱ་ཞི་མོལ་ཚོགས་ཆེན་ཐེངས་ཉི་ཤུ་རྩ་བརྒྱད་པ་དང་འབྲེལ་སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཚོར་གཏམ་བཤད་གནང་ཡོད་པ་རེད།