སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཡོད་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཏེ་ ད་ཐེངས་གནས་མཆོག་རྡོ་རྗེ་གདན་དུ་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལ་བཅར་རྒྱུ་དེ་ཡིན་པ་སོགས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་བ་འདིའི་ཚེས་ ༢༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་མ་ཐག་གསར་འགོད་པ་ཚོར་གསུངས་དོན། ༧སྤྱི་ནོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལོ་གཉིས་ཀྱི་རྗེས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་བ་ཡིན་དུས་གཙོ་བོ་གསུང་ཆོས་ལ་བཅར་བ་དང་། དེ་ནས་ཕྱི་ཚེས་གཅིག་ཉིན་གཞུང་འབྲེལ་བརྟན་བཞུགས་མཛད་སྒོར་ཞུགས་རྒྱུ་སོགས་གསུངས་འདུག
ཚེས་ ༢༩ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་བ་ཀ་ན་ཛ་ཝ་བྷུ་ཤོ་ཀི་ཁྱིམ་ཚང་གི་ནང་མི་ལྷན་རྒྱས་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཕྱག་རྟགས་ཕུལ་གནང་ཡོད་པ་རེད།
དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་འདིའི་ཚེས་༢༨ཉིན་ནས་ཕྱི་ལོ་༢༠༢༣ ཟླ་བ་ ༠༡ ཚེས་ ༠༨
བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་། མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་དང་། དེ་མིན་རྒྱ་གར་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་། ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ། ལྡི་ལི་བོད་ཁང་གི་གོ་སྒྲིག་འོག་ཀུན་ཁྱབ་བཟང་སྤྱོད་ཀྱི་ཚོགས་འདུར་ཕེབས་རྒྱུ། གཞན་ཡང་ཚོགས་སྡེ་ཁག་ཏུ་འཚམས་གཟིགས་གནང་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་པ་བཀོད་འདུག
གཞན་ཡང་ད་ལྟ་གནས་མཆོག་རྡོ་རྗེ་གདན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༢༩ ནས་ ༣༡ བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལ་བཅར་བཞིན་པ་དང་། དེ་ནས་ཕྱི་ལོ་༢༠༢༣ལོའི་ ཕྱི་ཟླ་ དང་པོའི་ཚེས་ ༡ ནས་ ༤ བར་ས་གནས་སུ་མཛད་འཆར་ཁག་བསྐྱང་རྒྱུ་ཡིན་འདུག།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག