སྲིད་སྐྱོང་མཆོག་གི་འཕགས་བོད་ས་མཚམས་ཉེ་འཁྲིས་རྒྱ་གར་བྱང་ཤར་ཁུལ་གྱི་ཕྱོགས་ཕེབས་གྲུབ་ཅིང་། བོད་རང་བཙན་གྱི་བདག་དབང་ཤེས་པའི་སྒོ་ནས་ལས་དོན་བྱ་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག

2025.01.31
སྲིད་སྐྱོང་མཆོག་གི་འཕགས་བོད་ས་མཚམས་ཉེ་འཁྲིས་རྒྱ་གར་བྱང་ཤར་ཁུལ་གྱི་ཕྱོགས་ཕེབས་གྲུབ་ཅིང་།  བོད་རང་བཙན་གྱི་བདག་དབང་ཤེས་པའི་སྒོ་ནས་ལས་དོན་བྱ་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག
CTA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ནུབ་བྷང་གྷལ་མངའ་སྡེའི་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བའི་ཉིན་མཐའ་མར་ས་ལུ་སྒར་དུ་ཕེབས་ལམ་དུ་འབྲུག་གསང་སྔགས་ཆོས་གླིང་དགོན་པ་དང་། བསམ་གྲུབ་དར་རྒྱས་ཆོས་གླིང་དགོན་པ་སོགས་ས་ཁུལ་དེའི་དགོན་སྡེ་ཁག་ཏུ་གཟིགས་སྐོར་གནང་པ་དང་མཉམ་བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་གལ་ཆེན་ཁག་ལ་ཕེབས་པ་དང་།  བསུ་ན་མདའ་བཀྲ་ཤིས་གླིང་ཁ་འཐོར་ས་གནས་མིང་མང་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མི་རབས་རྒན་པ་རྣམས་ཀྱིས་བོད་མིའི་སྤྱི་ཚོགས་སྲ་བརྟན་གོང་འཕེལ་དང་། མང་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་འཛུགས་གནང་མཛད་པ་སོགས་བོད་མིའི་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་བཟོས་གནང་པ། བོད་མཐོ་སྒང་གི་ས་བབ་ཆབ་སྲིད་དང་ཐབས་ཇུས་ཀྱི་གལ་གནད། བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཡིན་པའི་གནས་བབ་ཤེས་རྟོགས་དགོས་པ། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གཏམ་བཤད་གནང་འདུག 

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་མཆོག་གི་ཕེབས་རོགས་ཁག་ཅིག་ལ་འབྲེལ་བ་ཞུས་ཏེ་སྲིད་སྐྱོང་མཆོག་གི་ད་རེས་ཁུལ་དེར་ཕྱོགས་ཕེབས་གནང་པའི་སྐབས།  ས་གནས་བོད་མིའི་སྤྱི་ཚོགས་ཁྲོད་ལ་འགྱུར་འགྲོས་ཀྱི་རྣམ་པ་ཇི་གཟིགས་དང་།  ཕྱི་ནང་གི་འཛུགས་སྐྲུན་གྱི་རྣམ་པའི་ཐོག་ལ་གཟིགས་ཚུལ་སོགས་བཀའ་དྲིས་ཞུས་ཡོད་ནའང་།  བཀའ་ལན་ཕེབས་རྒྱུར་ངང་སྒུག་ཞུ་བཞིན་ཡོད་ལ།  ད་ཆ་ལན་འདེབས་མ་བྱུང་།

ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་དུ་ཕྱོགས་ཕེབས་གནང་ཡུལ་དེ་ནི།  ས་ཚིགས་ཀྱི་ཆ་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་རྩོད་གཞི་ཡོད་པའི་ཨ་རུ་ན་ཅལ་དང་།  དེ་བཞིན་བོད་དང་འབྲུག་ཡུལ་དབར་ལ་འབྲོག་ལམ་ཁུལ་དུ་ ༢༠༡༧ ལོའི་གདོང་ཐུག་བྱུང་ཡུལ་གྱི་ས་ཚིགས་ཆ་ནས་གནད་འགག་ཅན་ཞིག་ཀྱང་ཆགས་ཀྱི་ཡོད་པ་མ་ཟད།  ཨ་རུ་ན་ཅལ་མངའ་སྡེའི་ཁུལ་དུ་རྒྱ་ནག་གིས་སྔ་ལོ་ས་ཁུལ་ཁག་བཅུ་ཕྲག་འགའ་ཤས་ལ་རྒྱ་ནག་གཞུང་གིས་མིང་འདོགས་བྱེད་པའི་གནས་ཚུལ་བྱུང་ཡུལ་གྱི་ས་ཁམས་ཆབ་སྲིད་ཀྱི་ཆ་ནས་གནད་འགག་ཅན་གྱི་ས་ཚིགས་ཉེ་འགྲམ་ཞིག་འཁེལ་གྱི་ཡོད་པ་རེད།

2-6-1024x663-1.jpg
CTA

སྲིད་སྐྱོང་མཆོག་གིས་བསུ་ན་མདའི་མང་ཚོགས་ལ་སྐབས་ ༡༦ བཀའ་ཤག་གིས་བཙན་བྱོལ་ནང་གི་གཞིས་ཆགས་དང་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཐུབ་ཐབས་དང་ཡར་རྒྱས་གཏོང་ཐབས། རྒྱལ་སྤྱིའི་ནང་བོད་དོན་ཞུ་འབོད་གནང་བཞིན་པའི་ལས་འཆར་གཙོ་བོ་ཁག་ངོ་སྤྲོད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཚེས་ ༣༡ ཉིན་གནས་ཚུལ་སྤེལ་བའི་ནང་ལུང་འདྲེན་བྱས་འདུག 

སྲིད་སྐྱོང་མཆོག་གིས་ད་དུང་། རྒྱ་ནག་ནང་དུ་མཚོན་ན། དམར་ཤོག་ཚོགས་པའི་འགོ་ཁྲིད་ནང་ཁུལ་ལ་དེང་སྐབས་ཆབ་སྲིད་དབང་ཆའི་འཐབ་རྩོད་ཀྱི་རྣམ་པ་ལྟ་བུའི་འགོ་ཁྲིད་མང་པོར་ལྐོག་ཟ་རུལ་སུངས་ཀྱི་སྙད་འདོགས་བྱས་ཏེ་གནས་དབྱུང་བཏང་པ་དང་ཁྲིམས་འགལ་གྱི་ལས་དོན་བྱེད་པའི་ཉེས་མིང་འོག་ཞིབ་དཔྱོད་བྱེད་པའི་གནས་ཚུལ་རིམ་པར་ཐོན་པའི་སྐབས་འདིར།  རྒྱ་ནག་གི་དབང་ཆ་ཡོད་པའི་འགོ་ཁྲིད་ཁྲོད་བརྟན་ལྷིང་མེད་པ་དང་། རྒྱ་ནག་གིས་འཛམ་གླིང་ཞི་བདེར་གཏོར་སྐྱོན་འགྲོ་གཞིའི་ལས་དོན་རྩོམ་སྟངས།  བོད་ནང་དུ་ཆ་རགས་ཀྱི་འཛུགས་སྐྲུན་ཆེན་པོ་བྱེད་པའི་རྐྱེན་གྱིས། ཉེ་འདབས་ཀྱི་རྒྱ་གར་དང་བྷང་ལ་དྷེཤི་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཉེན་ཁ་སྐྲུན་བཞིན་ཡོད་པ་སོགས་ཀྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འཛིན་སྐྱོང་གི་ལས་དོན་ཁག་ལམ་ལྷོང་ལྡན་པ་བྱུང་གི་མེད་པའི་སྐོར་གསུངས་འདུག

 སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་དུ་ཆེད་ཕེབས་ཀྱིས་བོད་མི་མང་ཚོགས་འདུ་འཛོམས་སར་ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པ་གསུངས་པ་དང་། བོད་མིའི་ངོ་བོ་ཡུན་གནས་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དང་རྒྱ་ནག་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བར་ཆབ་སྲིད་ཀྱི་དགོས་མཁོའི་ཆ་ནས་ལོག་འགྲེལ་བྱེད་བཞིན་ཡོད་སྟབས།  བོད་མི་ཚོས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག་བཅས་པ་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག

བོད་ནང་འདས་ལོ་གཅིག་ནང་མཚོན་ན།  མདོ་སྨད་རྔ་པ་ཀིརྟི་དགོན་པའི་ནང་ལོ་ན་ ༡༨ མན་གྱི་དགེ་འདུན་པ་ཆོས་ཞུགས་མི་ཆོག་པའི་དམ་དྲག་བྱས་པ་མ་ཟད།  བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་ཡུལ་གྱི་སློབ་གྲྭ་ཁག་དང་།  དགོན་པའི་ནང་བོད་ཡིག་སློབ་འཁྲིད་བྱ་ཡུལ་གྱི་དགོན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་སྟེ།  གྲྭ་ཆུང་རྣམས་རིམ་བཞིན་རྒྱ་ནག་གཞུང་གིས་གཉེར་བའི་སློབ་གྲྭ་ཁག་ཏུ་གཏོང་བཅུག་ཡོད་ལ།  བོད་མདོ་སྨད་མགོ་ལོག་རྭ་རྒྱ་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭའི་འཛིན་སྐྱོང་ཐད་ས་གནས་རྒྱ་ནག་གཞུང་གི་དཔོན་རིགས་དང་ཐུག་འཕྲད་ཀྱིས་རྭ་རྒྱ་གྲོང་བརྡལ་དུ་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་གླིང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་དངོས་སུ་སྒོ་བརྒྱབ་བཅུག་པ་བྱུང་ཡོད།

སྲིད་སྐྱོང་མཆོག་གིས་ད་དུང་།  བོད་མི་ཚོས་སྒེར་གྱི་ཆབ་སྲིད་ལྟ་ཚུལ་མི་འདྲ་བ་ཡོད་ནའང་། ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པའི་རྒྱལ་ཁབ་ཀྱི་གནས་བབ་ལ་ངོས་འཛིན་གཅིག་གྱུར་ཐོག་དངོས་ཡོད་གནས་སྟངས་དང་མཐུན་པའི་ཐོག་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་དེ་བོད་མི་ཚང་མའི་མཉམ་སྦྲེལ་གྱི་ལས་འགན་ཡིན་པ་གསུངས་འདུག་།

༢-22.jpg
CTA
གསར་འགོད་པ།  སྒྲོལ་མ་ལྷ་མོ།  དབྱངས་སྒྲོལ།  བཀྲིས་དབང་ཕྱུག
རྩོམ་སྒྲིག་པ།  བསྟན་འཛིན་བདེ་སྐྱིད།  དོན་གྲུབ་རྣམ་རྒྱལ།  བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན། 
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎