སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱོགས་ཕེབས་སྐབས་གཞོན་སྐྱེས་དང་མཇལ་མོལ་གནང་རྒྱུ་གཙོ་འདོན་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་མི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་མུ་མཐུད་གནང་བཞིན་པའི་ཁྲོད་ནིའུ་མེཀ་སི་ཀོ་དང། ཡུ་ཊ། དེ་བཞིན་ཨོ་རི་གྷན་གྱི་གྲོང་ཁྱེར་པོར་ཌི་ལནཌི་བཅས་ནང་གི་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་ནས་ཕྱི་ཟླ་ ༡༢ ཚེས་༢༠ ཉིན་སི་ཡ་ཊལ་གྲོང་ཁྱེར་ནང་ཕེབས་འབྱོར་གྱིས་ས་གནས་བོད་མི་མང་ཚོགས་དང་མཇལ་མོལ་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ཕྱོགས་ཕེབས་གནང་ཡུལ་གྲོང་ཁྱེར་རེ་རེར་མཚན་མོ་གཅིག་རེ་བཞུགས་ཏེ་ས་གནས་སོ་སོའི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་དང་། ལྷག་པར་ན་གཞོན་ཚོ་དང་མཇལ་འཕྲད་གནང་སྟེ་ཁོང་ཚོའི་བདེ་སྡུག་ལ་གསན་ཞིབ་དང་། འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་ཐད་དགོངས་བཞེད་ཆེན་པོ་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ཨ་རིའི་ ནིའུ་མེཀ་སི་ཀོ་ནང་ཕེབས་འབྱོར་གྱིས་དེར་འདུས་པའི་བོད་མི་ཚོ་དང་མཇལ་འཕྲད་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཕྱོགས། བོད་མི་རྣམས་མཐུན་སྒྲིག་རྡོག་རྩ་གཅིག་སྒྲིལ་དགོས་སྐོར་སོགས་གནད་དོན་མང་པོའི་ཐོག་གསུང་བཤད་རིམ་པ་གནང་འདུག
ཕྱི་ཚེས་ ༡༨ ཉིན་ ཡུ་ཊ་ མངའ་སྡེའི་ སོལཊ་ ལེཀ་སི་ཊི་ གྲོང་ཁྱེར་ནང་ཕེབས་འབྱོར་གྱིས་དེར་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་ཐོག་མར་བོད་པའི་གཞོན་སྐྱེས་ཚོ་དང་མཇལ་འཕྲད་ཀྱིས་གཞོན་སྐྱེས་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ། གཞོན་སྐྱེས་རྣམས་ནི་བོད་དོན་འཐབ་རྩོད་ཀྱི་གཞི་རྩ་ཡིན་པ་སོགས་ནན་བརྗོད་གནང་བ་དང་། དེ་ནས་ས་གནས་དེའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་ལམ་སྟོན་གནང་ཡོད་པ་རེད། སྐབས་དེར་སེར་བྱེས་གོར་མོ་རིན་པོ་ཆེ་དང་། མ་སུ་རིའི་བོད་ཁྱིམ་གྱི་དབུ་འཛིན་ཟུར་པ་༧སྐུའི་ཚ་མོ་ཕྱག་མཛོད་ཚང་མཁའ་འགྲོ་ལགས། དེ་བཞིན་བྱང་ཨ་མི་རི་ཀའི་སྤྱི་ཟུར་ཕྱག་མཛོད་ཚང་པདྨ་ལགས་སོགས་འདུ་འཛོམས་ཀྱི་སར་མཉམ་ཞུགས་གནང་འདུག
ཡང་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་ཨ་རིའི་ནུབ་བྱང་བོད་མིའི་སྤྱི་མཐུན་ཚོགས་པ་ཆགས་ཡུལ་ ཨོ་རི་གྷན་ མངའ་སྡེའི་ པོརཊི་ལནཌི་ཡི་གྲོང་ཁྱེར་ནང་ཕེབས་འབྱོར་གྱིས་ཐོག་མར་བྱང་ཆུབ་ཆོས་ལྡན་ཆོས་ཚོགས་སུ་ཆོས་མཇལ་དུ་ཕེབས་པ་དང་དེ་ནས་རིམ་བཞིན་ས་གནས་དེར་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་ས་གནས་བོད་མི་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ་མ་ཟད། ས་གནས་དེའི་གཟའ་མཇུག་རེས་གཟའ་ཉི་མའི་སློབ་གྲྭར་གཟིགས་སྐོར་གནང་བ། དེ་བཞིན་ས་གནས་དེའི་ནང་དྭང་བླངས་ཞབས་ཞུ་བ་ཁག་ཅིག་ལ་བྱ་དགའ་གསོལ་སྩལ་གནང་བ་སོགས་ལས་རིམ་མང་པོ་ཞིག་ནང་མཉམ་ཞུགས་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ཨ་རིའི་ནུབ་ཕྱོགས་ ཝ་ཤིང་ཊོན་ མངའ་སྡེའི་ སི་ཡ་ཊལ་ གྲོང་ཁྱེར་ནང་ཕེབས་འབྱོར་གྱི་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་མོ་སྐུ་ཞབས་འཇམ་དབྱངས་དཔལ་མོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་མ་ཚད། ས་གནས་མི་མང་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ ༢༠༢༤ ཟླ་ ༡༢ ཚེས་ ༦ ནས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ནང་ཕེབས་འབྱོར་གྱིས་བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་དབུ་ཞུགས་གནང་པ་དང་། དེ་ནས་ཉིན་རེ་བཞིན་རྒྱལ་སའི་ཁུལ་དུ་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ལ་བདེན་པའི་འོད་སྣང་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཆེད་བཅར་གནང་བ་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་མཛད་རིམ་ཁག་བསྒྲུབས་ཡོད་པ་དང་། ལས་དོན་འཆར་སྒྲིག་གཞིར་བཟུང་བྱས་ན། ད་རེས་ཨ་རིའི་ནང་གི་ཕྱོགས་ཕེབས་འདི་བཞིན་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་མཇུག་བསྒྲིལ་གནང་གི་ཡོད་པ་རེད།།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།