བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ཐུག་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཟླ་ ༤ ཚེས་ ༡༦ ནས་ ༡༨ བར་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་བོད་མིའི་གཞི་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་དང་བསྟུན། ཟླ་ ༤ ཚེས་ ༡༧ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་ཝིན་དར་སིངྒ་སུཀ་ཀུ་ (Thakur Sukhvinder Singh Sukhu) ལགས་དང་ཐུག་འཕྲད་གནང་ཡོད་པ་རེད་འདུག ཐུག་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་བའི་ལོ་འཁོར་མོའི་མཛད་འཆར་རྣམས་ངོ་སྤྲོད་དང་སྦྲགས། གོ་སྟོན་གྱི་གཞུང་འབྲེལ་སྲུང་བརྩིའི་མཛད་སྒོའི་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་མགྲོན་འབོད་ཞུས་པར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གལ་ཏེ་༸སྐུའི་གོ་སྟོན་གྱི་གཞུང་འབྲེལ་མཛད་སྒོར་ལྷན་བཞུགས་མི་ཐུབ་ཚེ། བཀའ་ཤག་གི་༸སྐུའི་གོ་སྟོན་དང་འབྲེལ་བའི་ལོ་འཁོར་མོའི་ལས་རིམ་འགའི་ནང་མཉམ་བཞུགས་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག་ལ། གཞན་ཡང་སྲིད་སྐྱོང་མཆོག་གིས། སིམ་ལར་གནས་སྡོད་བོད་མི་རྣམས་ཀྱི་འཚོ་བའི་གནས་སྟངས་དང་འབྲེལ་བའི་དཀའ་ངལ་ཁག་གཅིག་གི་སྐོར་སྙན་གསེང་ཞུས་ཡོད་སྐོར། སིམ་ལ་སྤྱི་ཁྱབ་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མ་ཟད་ཐེངས་འདིར་སྲིད་སྐྱོང་མཆོག་ནས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་པྲ་བྷོཌ་སག་སེ་ན་ལགས་(Prabodh Saxena)དང་ཡང་ཐུག་འཕྲད་གནང་ཡོད་པ་རེད་འདུག

ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལར་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་དེ་བཞིན། གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་ཆགས་ཀྱི་འདུག་ཅིང་། སྐབས་དེར་ཁོང་ནས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་འདུ་སྡོད་རང་བཙན་གྲོང་སྡེ་དང་སངས་རྒྱས་ཆོས་གླིང་། དེ་བཞིན་སིམ་ལར་རྟེན་གཞི་བྱས་པའི་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་འཚམས་གཟིགས་དང་དགོན་པའི་འཛུགས་སྐུན་ལས་གཞིར་རྟོགས་ཞིབ་གནང་ཡོད་པ་དང་། དེའི་རྗེས་སུ་སངས་རྒྱས་ཆོས་གླིང་འདུ་སྡོད་ས་གནས་དང་། རྣམ་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་རྒས་གསོ་ཁང་བཅས་སུ་འཚམས་གཟིགས་ཕེབས་འདུག་ཅིང་། འདི་ཚེས་ ༡༨ རེས་གཟའ་པ་སངས་ཉིན་གསུམ་པའི་གཞུང་འབྲེལ་འཚམས་གཟིགས་སྐབས། སིམ་ལ་སཾ་བྷོ་ཊ་གཏན་སློབ་དང་དེ་བཞིན་བོད་མི་འདུ་སྡོད་ས་གནས་ཁག་རེ་རེ་བཅལ་ལ་འཚམས་གཟིགས་དང་བཀའ་སློབ་གསུངས་བཤད་བཅས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཆེ་རིང་ལགས་ཀྱི་སིམ་ལར་ཉིན་གསུམ་གྱི་འཞུང་འབྲེལ་མཛད་འཆར་སྣ་མང་ཞིག་མུ་མཐུས་སྐྱང་མུས་ཡིན་པའི་སྐོར། སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་གཟའ་འཁོར་འདིའི་འགོ་སྟོད་དུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་དང་མཇལ་འཕྲད་གནང་སྟེ། བཙན་བྱོལ་བོད་མིའི་བདེ་དོན་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་གནད་དོན་སྐོར་སྙན་སེང་ཞུ་གཏུག་གནང་འདུག་ཅིང་། སྐབས་དེར་བློན་ཆེན་མཆོག་གིས་དེ་དོན་མཐུན་འགྱུར་ལམ་སྟོན་གནང་རྒྱུའི་ཞལ་བཞེས་གནང་འདུག
གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་སིམ་ལ་ཁུལ་གྱི་མཛད་འཆར་ཁག་གྲུབ་རྗེས། འདི་ཚེས་ ༡༩ དང་ ༢༠ ཉིན་ཀུམ་རའོ་དང་ས་ཊོན་བོད་མིའི་གཞི་ཆགས་དང་། འདི་ཚེས་ ༢༡ ནས་ ༢༤ བཅས་ཉིན་གྲངས་བཞིའི་རིང་རྒྱ་གར་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་ཁག་དང་མཇལ་ཕྲད་གནང་འཆར་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།