བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་དྲུག་གི་གནས་སྟངས་རྒྱུས་ལོན་བྱས་རྗེས། མཐའ་མའི་ཐག་གཅོད་བྱ་རྒྱུ་ཡིན་ཞེས་སྲིད་སྐྱོང་མཆོག་གིས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ཚེས་༦ནས་འགོ་བཙུགས་ཏེ་མ་སུ་རི་གཏན་སློབ་གཙོས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དྲུག་བོད་མིའི་སྒྲིག་འཛུགས་སམ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་གནང་ཆེད། སློབ་གྲྭ་ཁག་ཏུ་དངོས་སུ་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བཞིན་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་རྟོག་ཞིབ་གནང་ཟིན་རྗེས་སུ་ཕྱི་ཚེས་༡༣ ཉིན་རྒྱ་གར་དབུས་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་དང་མཉམ་དུ་མཐའ་མའི་ཐག་གཅོད་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་བོད་པའི་སློབ་མ་ལོ་རེ་བཞིན་ཉུང་རུ་འགྲོ་བཞིན་ཡོད་པ་ཙམ་དུ་མ་ཟད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གཞན་གྱི་ནང་དུའང་བོད་པའི་སློབ་མ་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་སྟབས། སློབ་མ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོས་ཁྱོན་ཡོངས་ཀྱི་སློབ་གྲྭ་ཁག་གི་གནས་སྟངས་རྒྱུས་ལོན་དང་རྟོག་ཞིབ་བྱས་རྗེས་ཕུགས་རྒྱང་རིང་གཟིགས་ཀྱི་ཐག་གཅོད་གང་མགྱོགས་བྱ་འཆར་ཡོད་པ་རེད་འདུག
ད་ལན་སློབ་གྲྭ་ཁག་ཏུ་རྟོག་ཞིབ་བྱས་པ་བརྒྱུད་སྤྱི་ལོ་༢༠༡༢ནས་བཟུང་བོད་པའི་སློབ་གྲྭ་སྤྱི་དང་། ལྷག་པར་དུ་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་ལོ་རེ་བཞིན་ཆ་སྙོམས་བོད་པའི་སློབ་མ་ཆིག་སྟོང་ལྷག་ཙམ་རེ་ཉུང་དུ་སོང་འདུག་ཅེས་གསུང་གི་འདུག རྩ་བའི་སྤྱི་ལོ་༢༠༡༣ ལོ་ནས་བཟུང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་༥༥ ཙམ་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་ཟིན་ཡོད་པ་དང་། སིམ་ལ་གཏན་སློབ་དང་། ཧར་པལ་སྤུར། མ་སུ་རི། ཀ་ལིང་སྤུང་། རྡོར་གླིང་གཏན་སློབ་བཅས་གཏན་སློབ་ཁག་དྲུག་རྩིས་ལེན་རྒྱུ་ཡིན་པར་བརྟེན།ཐེངས་འདིར་སྲིད་སྐྱོང་མཆོག་གིས་སིམ་ལ་དང་། ཧར་པལ་སྤུར་གཏན་སློབ་གཉིས་སུ་རྟོག་ཞིབ་གྲུབ་ཡོད་པ་དང་། འདི་ཚེས་༩་ཉིན་གྱི་སྔ་དྲོར་མ་སུ་རི་གཏན་སློབ་ནང་འཚམས་གཟིགས་གནང་བ་དང་། ཕྱི་ཚེས་༡༠དང་༡༡ སོ་སོར་ཀ་ལིང་སྤུང་དང་། རྡོར་གླིང་གཏན་སློབ་གཉིས་སུ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་།གཏན་སློབ་ཁག་གི་གནས་སྟངས་རྒྱུས་ལོན་གནང་གྲུབ་རྗེས་ཕྱི་ཚེས་༡༣ ཉིན་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་སུ་འབྲེལ་ཡོད་དཔོན་རིགས་ཁག་དང་མཉམ་དུ་མཐའ་མའི་ཐག་གཅོད་གནང་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།