བོད་མི་རྣམས་ནས་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་དགོས་པ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧོན་སུར་གཞིས་ཆགས་སུ་གསུངས་འདུག

2025.02.20
བོད་མི་རྣམས་ནས་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་དགོས་པ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧོན་སུར་གཞིས་ཆགས་སུ་གསུངས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཧོན་སུར་དུ་གསུང་བཤད་གནང་སྐབས། ༢༠༢༥།༠༢།༡༩ ཉིན།
CTA

བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཟླ་ ༢ ཚེས་ ༡༢ ནས་བཟུང་སྟེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་བཞིན། ཟླ་འདིའི་ཚེས་ ༡༩ རེས་གཟའ་ཕུར་བུའི་ཉིན་ཧོན་སུར་ས་གནས་སྤྱི་ཁང་དུ་ས་འགོ་འཛིན་དང་དགོན་སྡེ་ཁག་གི་འགན་འཛིན་གཙོས་པའི་ས་གནས་ཀྱི་ཡུལ་མི་རྣམས་ལ་སྲིད་སྐྱོང་མཆོག་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་གཉིས་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་བཞིན་དབུ་མའི་ལམ་གྱི་སྒོ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བཙན་བྱོལ་བོད་མིའི་དཀའ་སྡུག་སེལ་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། དབུ་མའི་ལམ་དང་རང་བཙན་གང་ལྟར་ཡང་རུང་། དེ་གཉིས་ཀྱི་དམིགས་ཡུལ་ནི་བོད་དོན་བདེན་མཐའ་སེལ་རྒྱུ་དེ་ཡིན་པས། གནད་དོན་དེའི་ཐད་བོད་མི་ནང་ཁུལ་རྩོད་གླེང་མི་བྱེད་པར་ཆིག་སྒྲིལ་དགོས་གལ་ཆེ་བ་ཡིན་ཞེས་ནན་བརྗོད་གནང་ཡོད་པ་རེད། མ་ཟད་ཁོང་གིས། དེང་སྐབས་བོད་རིགས་གཞོན་སྐྱེས་རྣམས་ནས་དང་བླངས་བོད་དོན་ཞུ་གཏུག་གི་ལས་འགུལ་སོགས་ནང་མཉམ་ཞུགས་ཀྱིས། དང་བླངས་ཀྱིས་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བཞིན་པར་བསྔགས་བརྗོད་གནང་ཡོད་པ་རེད།

ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་རྒྱ་གར་ལྷོ་ཕྱོགས་ཀྱི་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཧོན་སུར་ས་གནས་ཀྱི་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་སྐབས་གཙོ་བོ། བོད་མི་རྣམས་ནས་དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་རྣམས་ནས་བོད་དོན་ལ་དོ་སྣང་དང་སློབ་གཉེར་གནང་བཞིན་པ་དེར་དོ་སྣང་དང་མཁྱེན་རྟོགས་དགོས་གལ་ཆེ་བ་ཡིན་ཞེས་དང་། མཇུག་ཏུ་སྲིད་སྐྱོང་མཆོག་གིས། མ་འོངས་བཙན་བྱོལ་བོད་མིའི་གནས་སྟངས་ཀྱི་ཁ་ཕྱོགས་ནི་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཙོ་བོར་གྱུར་བའི་བོད་མི་རྣམས་ཀྱི་ཕྱག་ལས་གནང་ཕྱོགས་ལ་རགས་ལུས་ཡོད་སྐོར་གསུངས་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་དང་ལྷན། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་བླ་སྤྱི་དང་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་ལྷན་བཞུགས་གནང་ཡོད་པ་རེད་ལ། འདི་ཚེས་ ༢༠ ཉིན་སྲིད་སྐྱོང་མཆོག་ནས་བོད་མིའི་གཞིས་ཆགས་ཁག་ ༡༢ ཀྱི་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པའི་ལྷན་འཛོམས་ཀྱི་བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ཚོགས་འདུར་ལྷན་བཞུགས་གནང་ཡོད་པ་རེད།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎