ཨ་རུ་ཎཱ་ཅལ་ཁུལ་གྱི་མི་རིགས་ཕལ་ཆེ་བ་བོད་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག

2024.11.07
ཨ་རུ་ཎཱ་ཅལ་ཁུལ་གྱི་མི་རིགས་ཕལ་ཆེ་བ་བོད་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག
དབུས་བོད་མིའི་སྒྲིག་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཟླ་བ་འདིའི་ཕྱི་ཚེས་༢ ནས་འགོ་བཙུགས་ཀྱི་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང་འབུམ་སྡེ་ལ། རྟ་དབང་། ལྡི་མ་པུར། ཤི་ལོང་དང་སྒང་ཏོག་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མོན་རྟ་དབང་ཁུལ་དུ་ཕེབས་འབྱོར་གྱི་ཁུལ་དེར་གནས་སྡོད་ཁ་མཐོར་བོད་མི་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད་དེ་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་རྟ་དབང་ཁུལ་གྱི་མངའ་སྡེ་དང་རྫོང་གི་དཔོན་རིགས་ཁག་གཅིག་ལ་ལྷན་དུ་ཐུག་འཕྲད་ཀྱི་ཧིན་སྐད་ཐོག་གསུངས་བཤད་གནང་ཡོད་པ་རེད། སྐབས་དེར་ཁོང་གིས། ངོས་རང་རྟ་དབང་ཁུལ་དུ་ལོ་གཉིས་གོང་བཅར་རྒྱུའི་གོ་སྐབས་བྱུང་། ཡང་དེ་སྔོན་ངོས་རང་སྤྱི་འཐུས་ཚོགས་གཙོ་གནང་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྣེ་ཁྲིད་འོག་རྟ་དབང་ནས་འབུམ་སྡེ་ལ་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་པ་ཡིན། ང་རང་མ་ཤི་གོང་རྟ་དབང་ལ་ཐེངས་གཅིག་ངེས་པར་དུ་འགྲོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། གང་ཡིན་ཞུས་ན་རྟ་དབང་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་ས་ཁུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཐོག་མར་རྟ་དབང་ཁུལ་དུ་ཕེབས་ཡོད་པ་རེད། མོན་རྟ་དབང་དེ་བཞིན་སོ་སོའི་ཁྱིམ་ཚང་ལྟ་བུའི་ཚོར་བ་ཡོང་གི་འདུག ཁྱེད་རང་ཚོ་ཡང་བཞུགས་སྒར་དུ་ཕེབས་ནས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་དུ་ཞབས་རིམ་བསོགས་སྒྲུབ་སོགས་གནང་སྐབས་ང་ཚོ་ཐུག་པ་རེད། རྟ་དབང་ཁུལ་དུ་དུས་ཚོད་མང་ཙམ་བཏང་ནས་འདིའི་ཁུལ་གྱི་གཞོན་སྐྱེས་ཚོ་དང་མཉམ་དུ་ཐུག་འཕྲད་ཀྱིས་བོད་ཀྱི་གནད་དོན་སྐོར་ཕན་ཚུན་བགྲོ་གླེང་སོགས་གནང་ཐུབ་པའི་རེ་བ་ཞུ་བཞིན་ཡོད། གང་ཡིན་ཞུས་ན་ཁྱེད་རང་ཚོ་བོད་དང་ས་ཐག་ཉེ་པོ་ཆགས་ཀྱི་ཡོད་པ་མ་ཟད་ཨ་རུ་ཎཱ་ཅལ་ཁུལ་གྱི་མི་རིགས་ཕལ་ཆེ་བ་བོད་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་ཨ་རུ་ཎཱ་ཅལ་ཁུལ་གྱི་གཞོན་སྐྱེས་ཁྲོད་ཨ་རུ་ཎཱ་ཅལ་དང་བོད་ཀྱི་འབྲེལ་བའི་སྐོར་གོ་རྟོགས་ཧ་ཅང་ཞན་པོ་ཡིན་དུས་ཚང་མས་བོད་དང་ཨ་རུ་ཎཱ་ཅལ་དབར་གྱི་འབྲེལ་ལམ་དང་ལོ་རྒྱུས་ཀྱི་གནས་བབ་ཤེས་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད།

465781851_965055172324645_4320419571697649983_n.jpg

དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདས་པའི་ལོ་གསུམ་ནང་རྒྱལ་ཁབ་ཁག་ཉི་ཤུ་རྩ་ལྔ་ཙམ་གྱི་ནང་སྐོར་བསྐྱོད་གནང་ཟིན་པ་དང་མགྱོགས་མྱུར་ཡོ་རོབ་ནང་གི་རྒྱལ་ཁབ་ལྔའི་ནང་བསྐྱོད་འཆར་ཡོད་པ་དང་། ང་ཚོའི་ལས་དོན་གཙོ་ཆེ་ཤོས་ནི་རྒྱ་ནག་གི་ངོས་ནས་བོད་རྒྱའི་གནད་དོན་དང་འབྲེལ་བའི་ཐོག་གྲོས་མོལ་ཆེད་དུ་གོམ་པ་མདུན་སྤོས་མ་གནང་བར་དུ་ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་སྐོར་གླེང་སློང་དང་ཞུ་གཏུགས་གནང་ནས་བོད་དོན་ལ་རྒྱབ་སྐྱོར་འཚོལ་རྒྱུ་དང་ལྷག་པར་དུ་ང་ཚོས་ལས་དོན་གང་གནང་རུང་ཚང་མ་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པའི་སྒོ་ནང་གནང་བཞིན་ཡོད་པ་གསུངས་གནང་སོང་།

465856254_965055188991310_4996768758979181695_n.jpg

ཡང་སྲིད་སྐྱོང་མཆོག་གིས།  བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གྱི་ངོ་བོ་དང་སྲིད་བྱུས་བྱུང་རིམ་སོགས་ཀྱི་ཐད་གསུངས་སྐབས། ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞི་ལ་བཞག་པའི་ཐོག་ཐབས་ཇུས་ལ་འགྱུར་བ་བཏང་ཡོད་པ་དེ་ཡང་ལམ་དབུ་མ་ལ་མཐའ་མང་པོ་ཡོད་པས་ནང་ནས་ཆབ་སྲིད་ཀྱི་ཐོག་ནས་མཐའ་གཅིག་ནི་ད་ལྟ་བོད་དེ་རྒྱ་ནག་གི་བཙན་འཛུལ་འོག་གནས་ཡོད་པ་དང་། མཐའ་གཞན་ནི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་རེད། རྒྱ་ནག་གི་ངོས་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་འགྲེལ་བརྗོད་ལོག་པ་བྱེད་བཞིན་ཡོད་པ་མ་ཟད་རྒྱ་ནག་གི་གནོན་ཤུགས་འོག་རྒྱལ་ཁབ་ཁག་ཅིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་དང་ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གིས་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་ཡོད་ཅེས་བཤད་བཞིན་ཡོད་པ་དེ་གནད་དོན་གཉིས་ཀར་འགལ་ཟླ་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་མ་གཏོགས། སོག་པོ་དང་། ཡུ་གུར། མན་ཇུ་བཅས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བརྗོད་ཀྱི་མེད་པའི་རྒྱུ་མཚན་གཙོ་བོ་ནི། བོད་ལ་དབང་བསྒྱུར་བྱེད་པའི་ཁྲིམས་མཐུན་གྱི་གནས་བབ་མེད་པས་འཛམ་གླིང་ཐོག་རྒྱབ་སྐྱོར་འཚོལ་བཞིན་ཡོད་སྐོར་གསུངས་གནང་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཟླ་བ་འདིའི་ཕྱི་ཚེས་ ༨ ནས་ ༡༡ བར་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ས་གནས་མང་ཚོགས་ལ་གསུང་བཤད་དང་བྱང་འབྲས་ལྗོངས་ཀྱི་ཏུམ་ལངས་སྨིན་གྲོལ་གླིང་དགོན་པར་གསར་དུ་བཞེངས་པའི་ཟངས་མདོག་དཔལ་རི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག།

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎