སྲིད་སྐྱོང་མཆོག་དང་མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དེ་བཞིན་སྤྱི་ཁྱབ་དྲུང་ཆེ་མཆོག་བཅས་དང་མཇལ་མོལ་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མེ་གྷ་ལ་ཡ་(Meghalaya)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མངའ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་དང་མཇལ་མོལ་གནང་འདུག
དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༢ཉིན་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་ནས། མངའ་སྡེ་དེའི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་དང་མཐའ་མཚམས་ཀྱི་ཁ་ཐོར་བོད་མི་གནས་སྡོད་བྱེད་ཡུལ་ཁག་དུ་གཞུང་འབྲེལ་འཚམས་གཟིགས་འགྲུབ་པའི་རྗེས། འདི་ཚེས་༡༢དང་༡༣བཅས་ཉིན་གཉིས་རིང་། རྒྱ་གར་གྱི་མེ་གྷཱ་ལ་ཡ་མངའ་སྡེའི་རྒྱལ་ས་ཤེ་ལོང་(Shillong)་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་། ཚེས་༡༣ཉིན་སྲིད་སྐྱོང་མཆོག་གིས་མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀོན་རེཌ་སངྒ་མ་(Shri. Conard K Sangma)་མཆོག་དང་། མངའ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་གྲོ་ནལ་ཕི་ལིཔ་ཝ་ལང་(Donald Phillips Wahlang)་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད།
གཞན་སྲིད་སྐྱོང་མཆོག་གིས་ཤེ་ལོང་ས་གནས་སུ་ཡོད་པའི་བོད་པའི་ཁྲོམ་ས་ཁག་ལ་གཟིགས་སྐོར་དང་། མེ་གྷ་ལ་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨམ་པི་རིན་ལིང་གྲོ་(Ampreen Lyngdoh)་ལགས་དང་ཤེ་ལོང་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་པེ་ཊ་རི་ཤེ་ཡ་མུ་ཀིམ་(Patricia Mukhim)་ལགས། ས་གནས་རྫོང་དཔོན་ལྕམ་སྐུ་ཨི་སི་ཝན་ཌ་ལ་ལུ་(Smt. Isawanda Laloo)་ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།
ད་ཐེངས་སྲིད་སྐྱོང་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་བར་བཀའ་མོལ་གཙོ་བོ་གང་བྱུང་མིན་ཐད། མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་དང་ལྷན་བཅར་ཞུས་ཡོད་པ་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁ་པར་བརྒྱུད་གསུང་ན། མཇལ་མོལ་སྐབས་ས་གནས་ཀྱི་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་། ལྷག་པར་དུ་ས་གནས་འགོ་འཛིན་ལས་ཁུངས་དང་། རང་བདེན་ཚོགས་ཆུང་། སྨན་རྩིས་ཁང་སོགས་བོད་ཀྱི་ལས་ཁུངས་ཚོགས་སྡེ་ཁག་གི་ཆེད་ལས་ཁུངས་སོགས་འཛུགས་སའི་ས་ཆ་གནང་རྒྱུའི་འབོད་སྐུལ་ཞུས་སྐབས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཐུགས་སྣང་ཆེན་པོས་ཞལ་བཞེས་ཡག་པོ་གནང་སོང་ཅེས་དང་། སྤྱིར་མེ་གྷ་ལ་ཡ་མངའ་སྡེའི་ཁུལ་དུ་གདོད་མའི་མི་རིགས་གཙོ་བོ་གསུམ་ཡོད་པའི་ནང་ནས་སྤྱི་ཁྱབ་བློན་ཆེན་མཆོག་གྷ་རོ་(Garo)་ཞེས་པའི་གདོད་མའི་མི་རིགས་ནས་ཡིན་པ་དང་། མི་རབས་རྒན་པ་ཚོའི་ཁ་རྒྱུན་དུ་གྷ་རོ་ཞེས་པའི་མི་རིགས་ཀྱི་འབྱུང་ཁུངས་ངོ་མ་དེ་བོད་ཡིན་པ་གསུངས་སྲོལ་ཡོད་པ་བཞིན། སྤྱི་ཁྱབ་བློན་ཆེན་མཆོག་ཁོང་བོད་མི་ཚོ་དང་འབྲེལ་བ་དམ་ཟབ་དང་སེམས་ཐག་ཉེ་པོ་གནང་མཁན་ཞིག་ཡིན་པ་ངོ་སྤྲོད་གནང་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཤེ་ལོང་ས་འཐུས་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ས་གནས་སྨན་རྩིས་ཁང་། ས་གནས་འགོ་འཛིན་ལས་ཁུངས་དང་ཤེ་ལོང་སམ་བྷོ་ཊ་ཉིན་སློབ་བཅས་ལ་འཚམས་གཟིགས་གནང་ནས། ཤེ་ལོང་ས་གནས་མང་ཚོགས་ལ་གསུངས་བཤད་དང་དེའི་རྗེས་དགེ་ལས་སློབ་ཕྲུག་ཚོར་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། ཕ་མ་ཚོས་གང་ཐུབ་ཀྱིས་ཕྲུ་གུ་ཚོ་དང་མཉམ་དུ་དུས་ཚོད་བཏང་ནས་ཡ་རབས་བཟང་སྤྱོད་དང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གལ་ཆེ་བ་དང་། གལ་ཆེ་ཤོས་ཁྱིམ་ཚང་ནང་ཕ་མ་ཚོས་ངེས་པར་དུ་བོད་སྐད་བཤད་དགོས་སྐོར་གསུངས་ཡོད་པ་རེད།
མེ་གྷཱ་ལ་ཡ་མངའ་སྡེའི་རྒྱལ་ས་ཤེ་ལོང་ནང་སྔོན་མ་ཡིན་ན་བོད་མི་གནས་སྡོད་བྱེད་མཁན་ ༡༠༠༠ལྷག་ཡོད་པ་དང་། ད་ལྟའི་ཆར་ཁྱིམ་ཚང་༡༥༠ཙམ་དང་ཁྱོན་བོད་མི་གནས་སྡོད་བྱེད་མཁན་༣༨༩ཙམ་ལས་མེད་པ་རེད་འདུག ཁུལ་དེར་གནས་སྡོད་བྱེད་མཁན་བོད་མིའི་འཚོ་བའི་རྟེན་གཞི་གཙོ་བོ་ནི། བོད་མི་བརྒྱ་ཆ་༧༠ཙམ་གྱིས་ཚོང་ལས་དང་བརྒྱ་ཆ་༣༠ཙམ་གྱིས་ཟ་ཁང་གཉེར་ནས་འཚོ་བ་སྐྱེལ་བཞིན་ཡོད་འདུག དེ་བཞིན་ས་གནས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཆ་ཚང་བ་ཡོད་པ་མ་ཟད། སམ་བྷོ་ཊའི་ཁྱབ་ཁོངས་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་༣པ་བར་ཡོད་འདུག
ཡང་འདི་ཚེས་༡༤ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་ན་གྷ་ལེན་ཌི་(Nagaland)་མངའ་སྡེའི་ནང་གྱི་རྒྱལ་ས་ཆེ་ཤོས་གྲས་སུ་ཡིན་པ་ལྡི་མ་སྤུར་(Dimapur)་དུ་ཕེབས་ནས། ཁུལ་དེའི་བོད་མི་གནས་སྡོད་ས་གནས་ཁག་ལ་གཟིགས་ཞིབ་དང་། ས་གནས་བོད་མི་མང་ཚོགས་ལ་གསུང་བཤད་གནང་ནས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེའི་རྗེས་རྡི་མ་སྤུར་ནས་གྷོ་ཝ་ཧ་ཀྲི་བརྒྱུད་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།