སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་ལ་ཉེ་བའི་ལས་བསྡོམས་ཁག་སྙན་སེང་ཞུས་འདུག

འདི་ཚེས་༡༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་གཟིམ་ཆུང་མཇལ་ཁ་སྩལ་གནང་མཛད་འདུག་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ། བཀའ་ཤག་གི་ལས་བསྡོམས་སྙིང་བསྡུས་དང་། ཉེ་ཆར་སྲིད་སྐྱོང་མཆོག་ལྷོ་བྱང་ཨ་མི་རི་ཀའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་གནས་ཚུལ། དེ་བཞིན་ཉེ་ཆར་བཞུགས་སྒར་དུ་བསྐོངས་འཚོགས་གནང་བའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་བའི་སྐབས་སུ་གྲོས་མཐུན་ཇི་བྱུང་བཅས་ལས་བསྡོམས་སྙན་སེང་ཞུས་འདུག་ལ། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ནས་རྒྱ་ནག་གཞུང་ལ་བོད་རང་བཙན་རྩོད་ཀྱི་མེད་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་པའི་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་སྐད་ཡིག་གི་གལ་འགངས་རང་བཞིན་ཤེས་རྟོགས་ཀྱིས་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྒྱུད་ལམ་ལ་གསུངས་འདུག
ད་རེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་ཕྱི་ཟླ་༡༠བའི་ཚེས་༡ནས་༢༤བར་སྲིད་སྐྱོང་མཆོག་གིས་ལྷོ་བྱང་ཨ་མི་རི་ཀའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་དེ་ཁུལ་གཞུང་གི་གནད་ཡོད་མི་སྣ་ཁག་དང་། གྲོས་ཚོགས་འཐུས་མི། རྒྱ་རིགས་གཞོན་སྐྱེས་དང་དམངས་གཙོ་དོན་གཉེར་བ། བོད་དོན་རྒྱབ་སྐྱོར་བ། ལྷག་པར་དུ་དེ་སྔ་ཕེབས་ཐུབ་མེད་པའི་བྱང་ཨ་མི་རི་ཀའི་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་སུ་བཅར་སྟེ་ས་གནས་བོད་མི་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་དང་། དྲིལ་བསྒྲགས་གང་འདྲ་གནང་ཡོད་མེད་སྐོར་སོགས་༧གོང་ས་མཆོག་ལ་སྙན་སེང་དགོངས་སྐོར་ཞུས་གནང་བ་དང་། ཡང་འདི་ཟླའི་ཚེས་༨ནས་བཅུ་བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བསྐོངས་འཚོགས་གནང་བའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པའི་སྐབས་གྲོས་མཐུན་ཇི་བྱུང་སོགས་ལས་དོན་སྐོར་སྙན་སེང་ཞུས་གནང་ཡོད་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།