སྲིད་སྐྱོང་མཆོག་གིས་འཕགས་བོད་ས་མཚམས་ཀྱི་བོད་མིའི་གཞིས་ཆགས་ཁག་ལ་གཟིགས་སྐོར་གནང་འདུག
དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༢ཉིན་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། ཚེས་༥ཉིན་སྲིད་སྐྱོང་མཆོག་ཀྲུ་ཀྲིང་(Tuting)་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་པར་མཆོད་མཇལ་ཞུས་རྗེས་མེཀ་མོ་ཧན་ས་ཚིགས་(McMohan Line)་ཞེས་པ་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་གྷི་ལིང་གྲོང་གསེབ་(Gilling Village)་ཏུ་ཕེབས་ཏེ་ཁུལ་དེར་གནས་སྡོད་བོད་མི་ཚོར་མཇལ་འཕྲད་དང་གསུང་བཤད་གནང་སྐབས། སྲིད་སྐྱོང་མཆོག་གི་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་དང་བོད་མིའི་སྒྲིག་འཛུགས་བར་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། ད་རེས་ཁོང་མིའོ་གཞིས་ཆགས་ནས་ཀྲུ་ཀྲིང་ས་གནས་སུ་དཀའ་ངལ་མེད་པའི་ཐོག་འབྱོར་ཡོད་སྐོར་དང་། ལྷག་པར་དུ་ཁུལ་དེར་གནས་སྡོད་བོད་མི་རྒྱ་གར་གྱི་མེ་སེར་ལག་འཁྱེར་ཡོད་མཁན་དང་མེད་མཁན་གཉིས་ཀར་ལ་མངའ་སྡེ་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཟིགས་ཕྱོགས་གཅིག་མཚུངས་ཡིན་པ་གསུངས་བ་དང་། ས་མཚམས་ཁུལ་དུ་གནས་སྡོད་བོད་མི་ཚོས་བོད་ནང་དང་མཐའ་མཚམས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་པ་རྣམས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་བྱས་ནས་ཕན་ཐོགས་པ་ཡིན་ན་ང་ཚོ་བཙན་བྱོལ་བའི་ངོས་ནས་ལས་འགན་ཞིག་བསྒྲུབ་གྱི་ཡོད་པ་གསུངས་ཡོད་འདུག
ཡང་སྲིད་སྐྱོང་མཆོག་གིས་འཛམ་གླིང་འདིའི་ནང་བཙན་བྱོལ་བ་མང་དག་ཞིག་ཡོད་པའི་ནང་ནས། བོད་མི་བཙན་བྱོལ་བ་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡོང་བ་དེ་གཙོ་ཆེ་ཤོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་ཕུགས་རྒྱང་རིང་པོའི་དགོངས་བཞེས་ལ་བརྟེན་ནས་ཡིན་པ་གསུངས་གནང་སོང་།
དེའི་རྗེས་སྲིད་སྐྱོང་མཆོག་རྒྱ་གར་དང་བོད་ཀྱི་ས་མཚམས་ས་ཁུལ་ནོར་གླིང་གྲོང་གསེབ་དང་། ཀ་པུ་གྲོང་གསེབ་བཅས་སུ་ཕེབས་ཏེ་ཁུལ་དེར་གནས་སྡོད་བོད་མི་ཚོ་ལ་མཇལ་འཕྲད་དང་གསུང་བཤད་གནང་ནས་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་གནང་ཡོད་འདུག
ཕྱིས་ཚེས་༦ཉིན་སྲིད་སྐྱོང་མཆོག་ཀྲུ་ཀྲིང་ནང་གི་ཁ་འཐོར་མི་མང་འདུ་སྡོད་གྲོང་གསེབ་ཁག་ལྔ་ཙམ་ལ་འཚམས་གཟིགས་དང་མང་ཆོགས་ལ་གསུང་བཤད་གནང་ཡོད་པ་མ་ཟད། ཀྲུ་ཀྲིང་རྒྱལ་སའི་ཁུལ་གྱི་ས་གནས་ཙམ་མིན་པར་རྒྱ་གར་དང་བོད་ཀྱི་ས་མཚམས་ས་ཁུལ་དུ་གནས་སྡོད་བོད་མི་ཚོ་དང་ཐུག་འཕྲད་ཀྱི་ཁོང་ཚོའི་གནས་སྟངས་གཟིགས་ཞིབ་གནང་བར་མང་ཚོགས་ཀྱི་ངོས་ནས་ཀྱང་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་ས་གནས་འགོ་འཛིན་རྡོ་རྗེ་རིན་འཛིན་ལགས་ཀྱི་གསུངས་ཀྱིས་གསུང་གནང་བྱུང་།
ཚེས་༧ཉིན་གྱི་སྔ་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྲུ་ཀྲིང་ཁྱབ་ཁོངས་པོ་དུང་གྲོང་གསེབ་དུ་བོད་མི་རྣམས་དང་མཇལ་འཕྲད་དང་པད་མ་ཆོས་གླིང་དགོན་པ། དེ་བཞིན་ཀྲུ་ཀྲིང་ས་གནས་འགོ་འཛིན་ལས་ཁུངས་དང་ཁྱབ་ཁོངས་ལས་ཁུངས་ཁག འཕྲོད་བསྟེན་སྨན་ཁང་། བྷེ་ཧརེ་ལེན་བཅས་སུ་གཟིགས་སྐོར་དང་མི་མང་ལྷན་མཇལ་འཕྲད་གནང་འདུག
དེ་བཞིན་ཉིན་དེར་ཀྲུ་ཀྲིང་ཁྱབ་ཁོངས་ཨེལ་སི་ལེན་(ALC Line)་གྲོང་གསེབ་དང་། ལཱ་ལི་བྷ་སི་ཊི་(Lalibasti)་བཅས་སུ་གཟིགས་སྐོར་དང་བོད་མི་རྣམས་དང་ཐུག་འཕྲད་དང་། དེ་བཞིན་ས་གནས་སྨན་རྩིས་ཁང་དང་། ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་པའི་འགྲེམ་སྟོན་ཁང་དུ་གཟིགས་སྐོར་ཕེབས་གནང་འདུག
སྲིད་སྐྱོང་མཆོག་གི་རྒྱ་གར་བྱང་ཤར་ཀྲུ་ཀྲིང་ས་གནས་སུ་གཞུང་འབྲེལ་མཚམ་གཟིགས་གྲུབ་པའི་རྗེས། མུ་མཐུད་དུ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས། འབུམ་སྡེ་ལ་མོན་རྟ་དབང་། ལྡི་མ་པུར་དང་ཤེས་ལོང་བཅས་སུ་འཚམས་གཟིགས་དང་ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།