སྲིད་སྐྱོང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་ནང་གཟིགས་སྐོར་གནང་བ་དེས་རྒྱ་ནག་ལ་བརྡ་ལན་སྤྲད་ཡོད་པ་ཉམས་ཞིབ་པས་གསུང་བྱུང་།

2022.11.04
སྲིད་སྐྱོང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་ནང་གཟིགས་སྐོར་གནང་བ་དེས་རྒྱ་ནག་ལ་བརྡ་ལན་སྤྲད་ཡོད་པ་ཉམས་ཞིབ་པས་གསུང་བྱུང་། སྲིད་སྐྱོང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་ནང་གི་བོད་མི་གནས་ཡུལ་ཁག་ནང་གཟིགས་སྐོར་གནང་སྐབས། ༡༡།༠༤།༢༠༢༢
CTA

སྲིད་སྐྱོང་མཆོག་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཟིགས་སྐོར་གནང་བཞིན་པ་དེས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲད་ཡོད་པ་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་ཞིག་གིས་ངོས་འཛིན་གནང་གི་འདུག
དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༢ཉིན་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། དེའི་ཐད་རྒྱ་གར་གྱི་རྒྱ་ནག་དབྱེ་ཞིབ་ལྟེ་གནས་ཁང་གི་འགན་འཛིན་ཇཱ་ཡཱ་དེ་བ་རཱ་ནཱ་དི་(Jayadeva Ranade)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། མངའ་སྡེ་དེ་ནི་རྒྱ་གར་སྤྱི་མཐུན་གྱི་མངའ་ཁོངས་བསྙོན་མེད་དང་རྒྱ་གར་གྱིས་འཛིན་སྐྱོང་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མཐའ་མཚམས་ཀྱི་ས་ཆ་མང་པོ་མིང་བསྒྱུར་དང་རྒྱུ་མཚན་འདྲ་མིན་བཙལ་ནས་ས་ཁུལ་དེ་རྒྱ་ནག་གི་ཁོངས་ཡིན་ཚུལ་རྩོད་གླེང་བྱེད་བཞིན་པ་དང་། ཧི་མ་ལ་ཡའི་རི་བརྒྱུད་དང་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཤུགས་རྐྱེན་སྤེལ་བར། རྒྱ་ནག་གུང་ཁྲན་གཞུང་གིས་མི་འདོད་པ་ཆེན་པོ་བྱེད་བཞིན་པ་རེད། དེར་བརྟེན་ད་རེས་སྲིད་སྐྱོང་མཆོག་གི་གཟིགས་སྐོར་དེས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲད་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གི་མཁན་པོ་བཀྲ་ཤིས་ཚེ་ཐར་ལགས་ནས། ༧གོང་ས་མཆོག་གིས་མ་འོངས་བོད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་ཚེ། སངས་རྒྱས་ཀྱི་བསྟན་པ་དེ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཚོས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པར་བཀའ་ཕེབས་ཡོད་པས། སྲིད་སྐྱོང་མཆོག་གི་གཟིགས་སྐོར་དེས་ས་གནས་དེ་ཁུལ་གྱི་ཆོས་དང་རིག་གཞུང་ཡར་རྒྱས་སོགས་ལ་ཕན་ཁྱད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་མངའ་སྡེ་དེའི་ནང་གི་ཏི་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་གྱི་ལས་ཚབ་བསྟན་འཛིན་བློ་གྲོས་ལགས་ནས་ཀྱང་། སྲིད་སྐྱོང་མཆོག་ས་གནས་སུ་ཕེབས་སྐབས་ས་གནས་རྫོང་དཔོན་གྱི་སྐུ་ཚབ་དང་ཉེན་རྟོག་དཔོན་སོགས་གནད་ཡོད་མི་སྣ་ཕེབས་བསུ་ལ་བཅར་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་མཇལ་འཕྲད་བཀའ་མོལ་སོགས་གདེང་འཇོག་ཆེ་མཐོང་གནང་ཡོདཔ་གསུངས་བྱུང་།

Sikyong Penpa Tsering official engagements in Miao Choephelling (2).jpg
སྲིད་སྐྱོང་མཆོག་ཚེས་༣་ཉིན་ཏི་ཛུ་ནས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་གཞིས་ཆགས་ཆེ་ཤོས་གྲས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ནས། གཞིས་དགོན་པདྨ་ཆོས་གླིང་དུ་མཆོད་མཇལ་དང་། ས་གནས་ཀྱི་སྤྱི་མི་ལས་ཁང་དབུ་འབྱེད་གནང་རྗེས། ས་གནས་ཀྱི་༧རྒྱལ་བའི་ཕོ་བྲང་དང་། སྔོན་འགྲོ་སློབ་གྲྭ བུ་བཅོལ་ཁང་། རྒས་གསོ་ཁང་། སྨན་རྩིས་ཁང་། འཕྲོད་བསྟེན་སྨན་ཁང་། ས་གནས་མཉམ་འབྲེལ་ལས་ཁུངས་ཨ་མ་དང་ཡན་ལག་སྡེ་ཚན་ཁག ས་གནས་བུད་མེད་དང་དམག་ཟུར་སྐྱིད་སྡུག ས་གནས་འཐུས་ཚོགས། ས་གནས་འཐུང་ཆུའི་ལས་གཞི་དང་། རང་བདེན་བདེན་ཚོགས་ཆུང་། ས་གནས་གཞོན་ནུ་ལྷན་ཚོགས་བཅས་སུ་ཕེབས་ནས་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་ཡོད་པ་རེད།
ཚེས་༤ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཞིང་ཆུ་འདྲེན་གཏོང་གི་ཆུ་མཛོད་ལས་གཞིར་གཟིགས་ཞིབ་གནང་རྗེས། ས་གནས་གཞིས་གྲོང་ཁག་ལྔ་ལ་འཚམས་གཟིགས་དང་། གཞིས་གྲོང་སོ་སོའོ་མི་དམངས་དང་ཐུག་འཕྲད་གནང་། ད་དུང་མེའོ་སཾ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་གཟིགས་སྐོར་གནང་ནས། སློབ་གྲྭའི་གློག་ཀླད་རྩིས་འཁོར་སྡེ་ཚན་དབུ་འབྱེད་དང་། དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་འདུག གཞན་ཉིན་དེར་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་སོ་ནམ་འགྲེམས་སྟོན་ཞིང་སར་གཟིགས་ཞིབ་དང་། དེ་གའི་ཉེ་འཁོར་ཇ་ཞིང་འདེབས་ལས་པ་ཞིང་པ་རྣམས་དང་ཐུག་འཕྲད་གནང་། དེ་བཞིན་ཀྲུ་ཀྲིང་དགོན་པ་གསར་བཞེངས་ཆེད་ནང་སྲིད་ལས་ཁུངས་ནས་ཕུལ་བའི་ས་ཆར་གཟིགས་སྐོར་བཅས་གནང་ཡོད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་། ཡོ་རོབ་དང་བྱང་ཨ་མི་རི་ཀ ཉི་ཧོང་སོགས་ཀྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་བོད་དོན་ཆེད་གནད་ཡོད་མི་སྣ་ལ་མང་པོ་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་ནང་ས་གནས་ཁུག་དཀྱོག་གི་རིགས་ལ་དྭགས་བྱང་ཐང་དང་བྱང་ཤར་གྱི་གཞིས་ཆགས་ཁག ལྷོ་གཞིས་ཁག་བཅས་སུ་ཆེད་ཕེབས་ཀྱིས་མི་མང་གི་བདེ་སྡུག་གནས་སྟངས་རྒྱུས་ལོན་སོགས་གནང་ཡོད་པ་དང་། ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བ་ནི། སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཁུལ་དེར་འཚམས་གཟིགས་གནང་བ་ཐོག་མ་ཡིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎